མདོ་སྨད་སྤྱི་འཐུས་གསར་བས་ལས་ཁུར་དམ་འབུལ་གནང་འདུག
2014.07.11

བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ཁག་ལ་ལྷག་བསམ་རྣམ་དག་གིས་འཕྱར་གྲུ་མཉམ་འདེཊ་ཞུ་རྒྱུ་ཡིན།
དེ་ཡང་སྐབས་༡༥པའི་བོད་མི་མང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྔ་ལོ་༢༠༡༣ལོར་སྒེར་གྱི་གནད་དོན་མང་པོ་ཞིག་ལ་བརྟེན་སྤྱི་འཐུས་ཀྱི་ལས་ཁུར་ནས་རྩ་དགོངས་ཞུས་བ་དང་། ཁོང་མོའི་ཚབ་ལ་ཉེ་སྔོན་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་བྱས་བའི་རྒྱལ་ཁ་དེ་བལ་ཡུལ་དུ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལགས་སུ་ཐོབ་ཡོད་པ་རེད། དེ་ལྟར་སྤྱི་ཚེས་༡༡ཉིན་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་ཚོགས་གཙོ་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་གུས་ཕྱག་དང་མཇལ་དར་སྒྲོན་འབུལ་ཞུས་རྗེས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཀྱང་དེ་མཚུངས་ཞུས་ཏེ་སྤྱི་འཐུས་ཚོགས་གཙོའི་མདུན་དུ་མདོ་སྨད་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་གནང་ཡོད་པ་རེད། ཁོང་གིས་གསར་འགོད་པ་ཚོར་བརྗོད་དོན། ལས་ཁུར་དམ་འབུལ་དང་མཉམ་༧གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་སྙིང་ལ་བཅངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་ལྷག་བསམ་རྣམ་དག་གིས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་པ་བརྗོད་འདུག
སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཁོང་ནི་མགོ་ལོག་གསེར་རྟ་ནས་ཡིན་པ་དང་། མཐོ་སློབ་ཐོན་རྗེས་ཐོག་མར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨ་པུར་མགྲོན་ཁང་ནང་ལས་འགན་འདྲ་མིན་ཐོག་ལོ་༡༠ལྷག་ཕྱག་ལས་གནང་མྱོང་ཡོད་པ་དང་། ༢༠༠༠ནས་༢༠༠༣་བར་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་ལས་རོགས་དང་། རིམ་བཞིན་འགན་འཛིན་གྱི་འགན་ཁུར་བཞེས་པ་དང་དེ་རྗེས་ལོ་ལྔ་ཙམ་རིང་བལ་ཡུལ་ཀཊ་མན་གྲུའི་ནང་གངས་ལྗོངས་དང་། མ་ནང་མགྲོན་ཁང་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གནང་འདུག ཆབས་ཅིག་བལ་ཡུལ་མདོ་སྨད་སྐབས་ལྔ་བ་དང་། དྲུག་པ། བདུན་པ་བཅས་ཀྱི་ས་གནས་རྒྱུན་ལས་གནང་བ་དང་། དེ་བཞིན་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་གནང་བ་སྤྱི་ཚོགས་ཁྲོད་འགན་ཁུར་སྣེ་མང་བཞེས་ཡོད་འདུག ད་ལྟ་མདོ་སྨད་དབུས་རྒྱུན་གྱི་ཕྱི་འབྲེལ་འགན་འཛིན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། ཚེ་རིང་རྒན་གསོ་ཁང་གི་འགན་འཛིན། བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་སོགས་ཀྱི་ལས་འགན་གནང་མུས་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།