རེབ་གོང་ནས་ཡིན་པའི་བོད་མི་བཀྲིས་ཚེ་རིང་དང་འབྲུག་འབུམ་ཚེ་རིང་གཉིས་ཀློད་ཡོད་ཀྱང་མུ་མཐུད་ལྟ་རྟོག་དམ་དྲག་འོག་ཡོད་འདུག

2022.07.21
རེབ་གོང་ནས་ཡིན་པའི་བོད་མི་བཀྲིས་ཚེ་རིང་དང་འབྲུག་འབུམ་ཚེ་རིང་གཉིས་ཀློད་ཡོད་ཀྱང་མུ་མཐུད་ལྟ་རྟོག་དམ་དྲག་འོག་ཡོད་འདུག བཀྲ་ཤིས་ཚེ་རིང་དང་འདི་ལོའི་ཕྱི་ཟླ་༡ནང་ཀློད་གྲོལ་བཏང་བའི་བསོད་ནམས་རྒྱལ་གཉིས་ཀྱི་པར། ཟླ་ཚེས་མི་གསལ།
Photo/RFA

ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རེབ་གོང་ཧོར་རྒྱ་སྡེ་པ་ནས་ཡིན་པ་བོད་མི་བཀྲིས་ཚེ་རིང་དང་འབྲུག་འབུམ་ཚེ་རིང་གཉིས་ཀློད་གྲོལ་བཏང་ཡོད་ན་ཡང་། ཁོང་གཉིས་ཀྱི་འགྲོ་འདུག་སྐྱོད་གསུམ་ཐད་མུ་མཐུད་དམ་དྲགས་བྱེད་བཞིན་ཡོད་འདུག་ལ། ཁོང་གཉིས་ནི་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་༩པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཧོར་རྒྱ་སྡེ་བ་ནས་ས་ཆ་བཙན་འཕྲོག་ལ་ངོ་རྒོལ་བྱས་སྐོར་བརྗོད་ནས་བོད་མི་དགུ་འཛིན་བཟུང་བྱས་པའི་ཁྲོད་ནས་ཡིན་པ་རེད་ལ། ད་ལྟའི་ཆར་ཡུལ་དེའི་ནང་དེ་སྔ་ས་ཆའི་གནས་ཚུལ་སྐོར་ནས་གླེང་སློང་གང་ཡང་བྱས་མི་ཆོག་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། ཁོང་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཙམ་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་སྔ་ཆ་ས་བཙན་འཕྲོག་ལ་ངོ་རྒོལ་དང་འབྲེལ་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་ཚུལ་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་ཁྲོད་དུ། བོད་མི་དགེ་འདུན་བཟོད་པ་དང། ཆོས་བཟང་། བན་དེ་རྡོ་རྗེ། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ་བཅས་བོད་མི་དགུ་འཛིན་བཟུང་གིས་ལོ་གསུམ་ནས་བདུན་བར་གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་དང་པོའི་ནང་བསོད་ནམས་རྒྱལ་གཙོས་བོད་གསུམ་ཀློད་ཡོད་པ་དང་། གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་ཡིན་ན་ཁོང་གཉིས་ཀྱི་བཙོན་མཇུག་དུས་ཡུན་འདི་ལོའི་ཕྱི་ཟླ་༦ནང་ཚང་གི་ཡོད་ན་ཡང་། ཕྱི་ཟླ་༧བར་ཀློད་གྲོལ་བཏང་མེད་པ་དང་མ་ཟད་ཉེན་རྟོག་པས་ནང་དུ་སྐྱེལ་ཡོང་སྟེ་ཡུལ་མི་ཚོར་དགའ་བསུ་དང་སྣེ་ལེན་རིགས་གང་ཡང་བྱེད་བཅུག་མེད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་བོད་མི་དེ་དག་བཙོན་མཇུག་བྱེད་ས་དེ་རེབ་གོང་རྫོང་ཐོག་ནས་ལོ་ཤས་སྔོན་གསར་འཛུགས་བྱས་པའི་བཙོན་ཁང་ཆེན་པོ་ཞིག་ཡོད་པའི་ནང་དུ་བཅུག་ཡོད་པ་དང་། བཙོན་ཁང་དེ་ཧོར་རྒྱ་སྡེ་བ་དང་ཐག་ཉེ་བོ་ཡིན་ན་ཡང་། འདས་པའི་ལོ་ངོ་དེ་དག་རིང་ནང་མི་ཉེ་འབྲེལ་སོགས་ཁོང་ཚོར་ཐུག་འཕྲད་ཆེད་གང་ཡང་བཏང་མེད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་བསོད་ནམས་རྒྱལ་ལགས་སུ་བཙོན་ཁང་དུ་དུས་ཡུན་རིང་པོར་ནད་མནར་བྱུང་ཡོད་པས། ད་ལྟའི་ཆར་མུ་མཐུད་ནད་མནར་འོག་དྲག་སྐྱེད་མེད་པར་ལྷག་ཡོད་པ་དང། ཁོང་ཀློད་གྲོལ་དང་འབྲེལ་གཞན་བོད་མི་གཉིས་ཀློད་ཡོད་ཀྱང་དམ་དྲགས་རྐྱེན་གྱིས་ད་དུང་སུ་སུ་ཡིན་ཤེས་རྟོག་མེད་པ་དང་། གཞན་དགེ་འདུན་བཟོད་པ་ཚུད་པའི་བོད་མི༣ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་དེ་ད་ལྟ་མུ་མཐུད་བཙོན་ཁང་དུ་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་རེབ་གོང་ནས་བོད་མི་དེ་དག་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་རེད་ལ། གནད་དོན་གཙོ་བོ་ཧོར་རྒྱ་སྡེ་བའི་ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་གསུམ་བཙུགས་ཡོད་པ་དང། ཕྱི་ལོ་༢༠༡༡ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་སྒོ་བརྒྱབ་པ་དང་འབྲེལ། སྲིད་གཞུང་གིས་བཟོ་གྲྭའི་བདག་པོ་རྣམས་ལ་གུན་གསབ་འབོར་ཆེན་སྤྲད་ཡོད་ཀྱང། འདས་པའི་ལོ་མང་རིང་ས་བདག་ས་གནས་མང་ཚོགས་རྣམས་ལ་ས་ཆ་ཕྱིར་སློག་མ་བྱེད་པའི་ཁར་ས་རིན་ཡང་སྤྲད་མེད་སྟབས། བོད་མི་དག་གིས་ས་ཆའི་བདག་དབང་རྩོད་ལེན་བྱས་རྐྱེན་ཡིན་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་སྤྱི་ཚོགས་གཏོར་བརླགས་དང་དཔུང་སྒྲིག་བྱས་སྐོར་གྱི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། བོད་མི་དེ་དག་ལ་ས་གནས་མི་མང་གིས་སྔ་གཞུག་ཏུ་རྒྱབ་སྐྱོར་བྱས་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎