བཀྲ་ཤིས་དབང་ཕྱུག་གློད་དགོས་བ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འབོད་སྐུལ་བྱས་འདུག
2018.05.23
རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་གཏོང་དགོས་པ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འབོད་སྐུལ་བྱས་འདུག
དེ་ཡང་ཕྱི་ཚེས་ ༢༢ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཤེས་ཡོན་གྱི་ཐོབ་ཐང་རྩོད་ལེན་པ་བཀྲིས་དབང་ཕྱུག་གིས་བསམ་ཚུལ་སྤེལ་བའི་གཞི་རིམ་གྱི་རང་དབང་ལོངས་སུ་སྤྱད་དེ། རྒྱ་ནག་གཞུང་ལ་བོད་ཀྱི་ས་ཁུལ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་གསོའི་མཐུན་རྐྱེན་གོང་མཐོར་གཏོང་རྒྱུར་དོ་སྣང་ཆེ་ཙམ་ཡོང་ཐབས་བྱས་པ་དེར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ཉེས་ཆད་བཏང་པར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་བ་བཀོད་འདུག་ལ། ད་དུང་བསྒྲགས་གཏམ་དེའི་ནང་། ཨ་རིའི་གཞུང་གིས་རྒྱ་ནག་གི་དབུ་ཁྲིད་ཚོར་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་གྲོལ་དགོས་རྒྱུ་དང་། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བོད་མིའི་ངོ་བོ་སྲུང་སྐྱོབ་དགོས་པ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་བཀོད་ཡོད་པ་རེད།
ཟླ་བ་འདིའི་ཚེས་༢༢ཉིན་མཚོ་སྔོན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་ཐོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་རེད།
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས་དང་། ལྕགས་མོ་འཚོ།