༸གོང་ས་མཆོག་ཨ་རུ་ན་ཅཱལ་དུ་ཕེབས་བསུའི་གྲ་སྒྲིག་ལེགས་གྲུབ།

མོན་རྟ་དབང་ཁུལ་གྱི་སེར་སྐྱ་མི་མང་རྣམས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུ་གྲ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཁག་ཧ་ལམ་ལེགས་གྲུབ་ཟིན་ཡོད་འདུག

2009.11.06

༄༅༎རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཡོད་པའི་མོན་རྟ་དབང་གི་དགའ་ལྡན་ལྷ་རྩེ་དགོན་པའི་དགེ་འདུན་པ་རྣམས་དང་ཁུལ་དེར་གནས་སྡོད་བྱེད་མཁན་སེར་སྐྱ་མི་མང་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གྲ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཁག་ཧ་ལམ་ལེགས་གྲུབ་ཟིན་ཡོད་འདུག

ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་བཅུ་གསུམ་བར་ཉིན་གྲངས་དྲུག་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཞུགས་རྒྱུན་རིང་མོན་རྟ་དབང་དང་སྡེ་རང་ འབུམ་སྡེ་ལ་སོགས་སུ་གསུང་ཆོས་དང་བཀའ་དབང་གནང་རྒྱུ་སོགས་ཆོས་ཕྱོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་རྒྱུ་ཡིན་འདུག

དེ་བཞིན་རྟ་དབང་དུ་སྨན་ཁང་ཞིག་གི་དབུ་འབྱེད་ཡང་གནང་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཁུལ་དེར་ཕེབས་པ་དེ་ནི་ཕེབས་ཐེངས་ལྔ་པ་དེ་ཡིན་པ་དང་དེ་སྔ་ཕྱི་ལོ་༡༩༥༩དང་༩༦ ༩༧ དེ་བཞིན་༢༠༠༣བཅས་སུ་ཁུལ་དེར་ཞབས་སོར་འཁོད་ཡོད་པ་རེད།

ཐེངས་འདིའི་གཞུང་འབྲེལ་ཕེབས་བསུའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཚོན་སྣ་དགོན་རྩ་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་བདུན་བརྒྱ་བརྒྱད་བརྒྱ་ཞིག་གིས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གྲ་རྒྱས་ཞུ་རྒྱུ་ཡིན་པ་དང་དལྟའི་འཆར་ཕེབས་བསུའི་གྲ་སྒྲིག་ཁག་ཧ་ལམ་ལེགས་གྲུབ་ཟིན་ཡོད་ལུགས་འགྲེལ་བརྗོད་གནང་བཞག མཚོན་སྣ་དགོན་རྩ་རིན་པོ་ཆེ་མཆོག་གིས་གཙོ་བོ་མོན་རྟ་དབང་ཁུལ་གྱི་ཕེབས་བསུའི་གྲ་སྒྲིག་དང་ཉིན་གསུམ་གྱི་གསུང་ཆོས་ཀྱི་གྲ་སྒྲིག་ཐུགས་འགན་གཙོ་བཞེས་གནང་གི་ཡོད་འདུག རྟ་དབང་ནི་༸གོང་ས་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཡང་རེད། ཕྱི་ལོ་༡༦༨༣ལོར་༸གོང་ས་སྐུ་ཕྲེང་དྲུག་པ་མཆོག་རྟ་དབང་ནས་རིང་ཚད་སྤྱི་ལེ་མི་ཊར་ལྔ་ཙམ་གྱི་ས་ལ་ཡོད་པའི་ཡུར་ལིང་དགོན་དུ་སྐུ་འཁྲུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎