ཨུ་རུ་སུའི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་སེམས་འབྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་བ།
2020.11.05

ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དེ་རིང་ཕྱི་ཟླ་༡༡ཚེས་༥ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་ཐོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་རེད་ལ་ཉིན་གྲངས་གསུམ་རིང་ཆོས་འབྲེལ་གནང་རྒྱུ་ཡིན་འདུག
ཆོས་འབྲེལ་དབུ་འཛུགས་མ་གནང་བའི་གོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་། ཨུ་རུ་སུའི་མངའ་སྡེ་ཀལ་མིག་དང་། བྷུ་རི་ཡཏ།ཐུ་ཝ་བཅས་ནི་མི་རབས་མང་པོ་སྔོན་ནས་འབྲེལ་བ་ཆེན་པོ་ཡོད། ཕྱི་ལོ་ ༡༩༥༩ ལོར་ཟིང་འཁྲུག་ལངས་པའི་སྐབས་ངོས་རང་གྲྭ་སྐོར་དམ་བཅའ་བཞག་པ་རེད། སྐབས་དེར་ངོས་ཀྱིས་རྟགས་གསལ་གཏོང་བའི་ནང་ཀལ་མིག་དང་བྷུ་རི་ཡཏ། ཐུ་སྦ་བཅས་ནས་ཡིན་པའི་དགེ་བཤེས་མང་པོ་ཡོད། གདན་སའི་མཁན་པོ་ནང་ཆ་བཞག་ནའང་སྒོ་མང་མཁན་པོ་ངག་དབང་ལེགས་ལྡན་ལགས་བྷུ་རི་ཡཏ་ནས་ཡིན་པ་དང་། སོག་པོ་ཐུབ་བསྟན་ཉི་མ་ལགས་ཀྱང་ཕལ་ཆེར་བྷུ་རི་ཡཏ་དང་།
དེ་དང་ཕྱོགས་མཚུངས་ཐུ་ཝ་ནས་དགེ་བཤེས་མཁས་པ་ཞིག་ཡོད་གང་ལྟར་ངོས་ཀྱི་མི་ཐོག་ལ་ཆ་བཞག་ན་སོག་པོའི་གྲྭ་རྒྱུན་མང་པོ་ཞིག་བོད་ནང་སློབ་སྦྱོང་བྱས་ཏེ་དགེ་བཤེས་ཨང་དང་པོ་ཆགས་པ་གང་ཙམ་ཡོད། ད་ལྟ་ང་ཚོས་སོག་པོ་ཟེར་དུས་སོག་པོ་སྤྱི་ཡོངས་ལ་ཤོད་ཀྱི་ཡོད། ཨུ་རུ་སུའི་ཁུངས་སུ་ཡོད་པ་རྣམས་སོག་རིགས་གཅིག་གྱུར་ཤོད་ཀྱི་ཡོད། དེའི་ནང་དུ་ནང་སོག་ཚུད་ཀྱི་ཡོད། དཔེར་ན། ངོས་ཀྱི་མཚན་ཞབས་ནང་ནས་དགེ་རྒན་ལྟ་བུ་རེད། རྒན་དངོས་གྲུབ་ཚོགས་ཉིད་ཆ་བཞག་ན་སོག་པོ་ནང་སོག་ནས་རེད། མཁས་པའི་དབང་པོ་རེད་ཅེས་བཀའ་རྩལ་གནང་འདུག
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་ནས་། བོད་ལ་ཆ་བཞག་ན། མཁས་པའི་དབང་པོ་དང་ཉམས་ལེན་པ་མང་པོ་སྲོག་ཐོག་བཏང་ཡོད། དེ་སྔ་སོག་ཡུལ་དུ་གསར་བརྗེ་ལངས་པའི་སྐབས་གང་བྱུང་བ་རྣམས་རིམ་པས་བོད་ནང་དུའང་དེ་དེ་བཞིན་བྱུང་ཡོད་ཅེས་བཀའ་གནང་འདུག
ཡང་ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་གར་ནས་བྱུང་བ་རེད། དེར་བསྟན་པ་སྔ་དར་དང་ཕྱི་དར་ཞེས་རྗོད་ཀྱི་ཡོད། བསྟན་པ་སྔ་དར་དེ་བཞིན་པཱ་ལི་དང་། ཕྱི་དར་དཔལ་ནཱ་ལེནྡྲ་ནི་སློབ་སྦྱོང་བྱ་ཡུལ་དང་ནང་ཆོས་ལ་དོ་སྣང་བྱས་ནས་ནང་ཆོས་ངོ་སྤྲོད་བྱེད་པའི་སྐབས་རིགས་ལམ་གྱི་ཐོག་ནས་བཤད་ཡོང་གི་ཡོད་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱོས། དད་པ་ཁོ་ནའི་ཐོག་ནས་ཆོས་ཉམས་ལེན་བྱེད་མི་དགོས། ཞེས་བཅོམ་ལྡན་འདས་རང་ཀྱིས་འདི་ལྟར་གསུངས་ཡོད་པའི་སྐོར་བཀའ་རྩལ་གནང་ཏེ་ཆོས་ཞུ་བ་ཚོས་ནང་པའི་ཆོས་དངོས་སུ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་ལམ་སྟོན་གནང་ཡོད་པ་རེད།།