ཀ་ཤི་མིར་ནང་ཡུལ་མིས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་སྐོར།
2008.08.18
༄༅༎རྒྱ་གར་ཁོངས་གཏོགས་ཀ་ཤི་མིར་ནང་ ཡུལ་མི་སྟོང་ཕྲག་མང་པོས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད་ ས་ཁུལ་དེར་རང་ཐག་རང་ཆོད་ཀྱི་ཐོབ་ཐང་དགོས་ལུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་གནས་ལས་ཁུངས་ལ་སྙན་ཞུ་ཕུལ་ཡོད་འདུག
བདུན་ཕྲག་སྔོན་ཀ་ཤི་མིར་གྱི་རྒྱལ་ས་ཤི་རི་ན་གར་ནང་ཡུལ་མི་དང་ཉེན་སྲུང་མི་སྣའི་དབར་འཐབ་རྩོད་ནང་ཡུལ་མི་༢༢རྐྱེན་ལམ་བཏང་བའི་དོན་རྐྱེན་རྗེས་སུ་དམ་བསྒྲགས་ཆེ་རུ་བཏང་ཡོད་ཀྱང་རེས་གཟའ་ཟླ་བའི་ཉིན་ཡུལ་མི་སྟོང་ཕྲག་མང་པོས་རྔམ་སྟོན་ཁྲོམ་སྐོར་ཆེན་པོ་ཞིག་བྱས་ཡོད་པ་དང་ ངོ་རྒོལ་བ་ཚོས་ ང་ཚོར་རང་བཙན་དགོས། རང་བཙན་གྱི་ཆེད་དུ་རང་སྲོག་བློས་གཏོང་གི་རེད། ཅེས་སྐད་འབོད་བྱས་འདུག རང་ལོ་༧༥ལ་སླེབས་པའི་ཡུལ་མི་ ཨཕ་རྡུལ་ཨ་ཛིཛེ་ ཡིས་ ངས་ཤི་རི་ན་གར་ནས་རྔམ་སྟོན་ཁྲོམ་སྐོར་ཆེན་པོ་འདི་འདྲ་ད་བར་མཐོང་མ་མྱོང་བས་སྡོད་བློས་མ་བཟོད་པར་མཉམ་ཞུགས་བྱས་པ་ཡིན་ ང་ཚོར་རང་བཙན་དགོས། ཀོ་སོ་ལྦོ་ལ་རང་བཙན་ཐོབ་ཡོད་ན་ ཀ་ཤི་མིར་ལའང་རང་བཙན་དགོས་ཀྱི་རེད་ཅེས་སྐད་འབོད་བྱས་འདུག ཀ་ཤི་མིར་གྱི་ཁ་བྲལ་བའི་འགོ་ཁྲིད་གཙོ་བོའི་གྲས་ ཤ་སྦིར་ཤ་ ཡིས་ བདུན་ཕྲག་སྔོན་མ་ཞི་བའི་ངོ་རྒོལ་ལ་གཞུང་གི་ཉེན་སྲུང་བས་གདུག་རྩུབ་དྲག་གནོན་བྱས་པའི་དོན་རྐྱེན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་གནང་དགོས་པའི་སྙན་ཞུ་ཕུལ་ཡོད་ལུགས་གསུངས་གནང་འདུག ཡང་ཁ་བྲལ་བའི་འགོ་ཁྲིད་ མིར་ལྦའེ་ཛེ་ ཨུ་མར་ ཕ་རུཁ་ ཡིས་ ཀ་ཤི་མིར་ས་རང་ཐག་རང་ཆོད་ཀྱི་རང་དབང་འཐབ་རྩོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་གནང་དགོས་ལུགས་སྙན་ཞུའི་ནང་འཁོད་ཡོད་སྐོར་འགྲེལ་བརྗོད་གནང་འདུག།