ཡ་རབས་སྤྱོད་བཟང་བྱས་ན་རང་གཞན་གྱི་དོན་འགྲུབ་སྤྱི་ལ་ཕན།


2015.03.06
༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༥།༢།༤ ༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༥།༢།༤
སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་བརྟན་བཞུགས་ཀྱི་རྩ་བ་ཐུག་ས་དེ་དམ་ཚིག་ལ་ཐུག་པས་བླ་སློབ་གྱི་དམ་ཚིག་བརྟན་པོ་དགོས་གལ་ཆེ་བ་གསུངས་འདུག
དེ་ཡང་བོད་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་༧གོང་ས་མཆོག་དགུང་གྲངས་༨༠ལ་ཕེབས་པའི་སྐབས་དང་བསྟུན་ཏེ། བྷེལ་རྗམ་བོད་རིགས་ཚོགས་པ་དང་། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་མིའི་ཚོང་པའི་བདེ་ཚོགས། ལྷ་ས་རྫོང་ཁག་ཚོགས་པ། ལྷོ་ཁ་གཞིས་བྱེས་གཉིས་ཚོགས་སྐྱིད་ཁག་ལྔ་བཅས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། དེར་འདུས་མི་མང་ཚོར་བརྟན་བཞུགས་ཞེས་པའི་རྩ་བ་ཐུག་ས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་དམ་ཚིག་ལ་ཐུག་ཡོད་ལ་སྤྱིར་བཏང་མིའི་འགྲོ་སྟངས་གི་ཐོག་ནས་བཤད་ནའང་སེམས་བག་ཕེབས་མིན་དང་། སེམས་སྐྱིད་མིན་དང་འབྲེལ་བ་ཡོད་པ་ཡོངས་གྲགས་ཡིན། ཆོས་ཕྱོགས་ནས་བཤད་ན་གོང་ཞུས་ལྟར་དད་པ་དང་། དམ་ཚིག་གཡོ་བ་མེད་པར་བརྟེན་ཧ་ཅང་ཡག་པོ་རེད། གཙོ་བོ་ནི་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པ་ཞིག་ཡིན་ན་སློབ་མའི་ངོས་ནས་དགེ་སྦྱོར་སྒྲུབ་དགོས། རྒྱུ་མཚན་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། རྒྱུ་མཚན་དང་ལྡན་པ་ཞིག་ཡོད་ན་རང་ཉིད་ཀྱིས་ཉམས་ལེན་དང་ལག་ལེན་བསྟར་ཏེ་མདོ་དོན་སྙིང་པོ་མི་སེམས་པ་བཟང་པོ་ཞིག་བྱེད་དགོས་པ་ཡིན། སྤྱིར་བཏང་བོད་མི་རྣམས་སེམས་པ་བཟང་པོ་འདུག་ཅེས་བོད་གཞིས་བྱེས་ཕྱི་ནང་ཚང་མར་སྤྱི་ཡོངས་དེ་ལྟ་བུའི་མཐོང་ཚུལ་ཞིག་ཡོད་པ་རེད། རེ་ཟུང་ནི་གནས་ཚུལ་ཐ་དད་རེད། དེ་ལྟ་བུའི་མཐོང་ཚུལ་དེ་ནི་རིན་ཐང་ཅན་ཞིག་ཆགས་ཡོད་ཅེས་དང་། ཡང་༧གོང་ས་མཆོག་གིས་ང་རང་ཚོས་གཙོ་བོ་སེམས་པ་བཟང་པོ་དང་། སྤྱོད་པ་བཟང་པོ་བྱེད་དགོས་པ་ལས་མ་རབས་ཐ་ཤལ་གྱི་སྤྱོད་པའི་རིགས་རྣམས་གཏན་ནས་བྱེད་རྒྱུ་མེད། མི་སེམས་བཟང་ཡ་རབས་སྤྱོད་བཟང་བྱས་ན་བོད་སྤྱི་པའི་དོན་དག་ལ་དེས་ཕན་པ་དང་། རང་ཉིད་ཀྱི་སྒེར་དོན་ལའང་དེས་ཕན་གྱི་ཡོད། ཚེ་འདི་དང་ཕྱི་མ་གཉིས་ཀར་དེས་ཕན་གྱི་རེད། རྒྱལ་བའི་བསྟན་པའི་ཞབས་འདེགས་ཀྱང་འདི་ལྟ་བུའི་ཐོག་ནས་བསྒྲུབ་དགོས་པ་ལས་ང་རང་ཚོ་ཆོས་ལ་དད་པ་བྱེད་མཁན་རང་ཉིད་ཀྱི་ངོས་ནས་སྒོ་གསུམ་གྱི་བླང་དོར་ཚུལ་དང་མཐུན་པ་ཞིག་མེད་པར་ཁ་ནས་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱང་བསྟན་པ་རྒྱས་ཐབས་མེད། དེ་བཞིན་དགེ་འདུན་རབ་ཏུ་བྱུང་བ་ཞིག་ཡིན་ནའང་དགོན་པ་ཞིག་ཏུ་བསྡད་པའི་རྗེས་འབྲེལ་གྱིས་རབ་ཏུ་བྱུང་བ་རྣམས་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པའི་མིང་དོན་མཚུངས་པ་ཞིག་བྱུང་ན་བསྟན་པའི་ཞབས་འདེགས་སུ་འགྲོ་བ་དང་། བསྟན་པ་རྒྱས་པར་ཕན་ཐོགས་ཡོང་གི་ཡོད། དེ་ལྟར་མེད་ན་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་ཀྱང་ཧ་ལས་རྒྱུ་དང་ངོ་མཚར་ཆེ་རྒྱུ་གང་ཡང་མེད། དེས་ན་བརྟན་བཞུགས་ཀྱི་ཞབས་བརྟན་ངོ་མ་རང་རང་སོ་སོས་དགེ་སྦྱོར་ཡག་པོ་སྒྲུབ་དགོས་སོགས་པ་སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པ་གནང་འདུག
དེའི་སྔོན་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ཡོད།


གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎