སྐུ་ཕུང་ནང་མིར་མ་སྤྲད་པར་བཙོན་ཁང་ནས་ཞུགས་འབུལ་བྱས་འདུག


2015.07.16
ཨ་རིའི་San Franciscoནང་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐབས། ༢༠༡༥།༧།༡༤ ཨ་རིའི་San Franciscoནང་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐབས། ༢༠༡༥།༧།༡༤
མཐུན་འགྱུར་པར་རིས།

ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་གདུང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙོན་ཁང་ནས་ཞུགས་འབུལ་བྱེད་དགོས་བྱུང་བ།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༥་ལོའི་ཟླ་༧ཚེས་༡༦ཉིན་བོད་ནང་གི་སྔ་དྲོ་ཚོུད་བདུན་པ་ཙམ་ལ། ས་གནས་སུ་འབྱོར་བའི་རིན་པོ་ཆེའི་སྐུ་ སྲིང་མོ་གཉིས་དང་བོད་མི་འཐུས་ཚབ་ཚོར་འདོད་པ་ཡོད་མིན་ལ་མ་བལྟོས་བར། གོང་རིམ་གྱི་བཀའ་ཡིན་ཚུལ་གྱིས་རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཕུང་ནང་མིར་མ་སྤྲད་པར་ཞུགས་འབུལ་ཟིན་པ་དང་། སྐབས་དེར་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ཏཱ་ཀྲུང་རྫོང་ཁྲིན་ཏང་བཙོན་ཁང་大竹川东监ལ་རིན་པོ་ཆེའི་ཞལ་སློབ་གྲ་བཙུན་དང་། རིན་པོ་ཆེའི་སྤུན་མཆེད་སོགས་མི་གྲངས་༣༢ མ་གཏོགས་སྐུ་གདུང་ཞུགས་འབུལ་ལ་མཉམ་ཞུགས་བྱེད་བཅུག་མེད་པ་རེད།
སྐུ་གདུང་ཞུགས་འབུལ་ལ་བཅར་མཁན་གྱིས་འགྲེལ་བརྗོད་གནང་བར་གཞིགས་ན། རིན་པོ་ཆེའི་ཕྱག་སེན་དང་། ཞལ་ནག་པོ་ཆགས་ཡོད་པ་དོ་སྣང་བྱུང་བར་བརྟེན་རྒྱ་ནག་གིས་རིན་པོ་ཆེར་དུག་སྤྲད་དེ་བཀྲོངས་པ་ཞིག་ཡིན་པ་ཞུགས་འབུལ་དུ་ཡོད་པ་ཚོས་རང་བཞིན་གྱིས་དོགས་པ་ཟ་དགོས་པ་ཞིག་ཆགས་ཡོད་པ་རེད།
ཞུགས་འབུལ་སྐབས་སུ་རྒྱ་ནག་གཞུང་གིས་ཡིག་ཐོག་ལ་གནས་ཚུལ་སྒྲོག་སྦྱང་བྱས་པའི་ནང་། རིན་པོ་ཆེ་ཕྱི་ལོ་༢༠༡༥ལོའི་ཟླ ༧ཚེས་༡༢ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤པར་དགོངས་པ་རྫོགས་ལུགས་འཁོད་ཡོད་ཀྱང་དེའི་སྔོན་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་རིན་པོ་ཆེ་ཉིན་རྒྱབ་ཆུ་ཚོད་༢པར་སྐུ་གཤེགས་ལུགས་བཤད་ཡོད་པར་བརྟེན་དེ་གཉིས་བར་ལ་ཅུང་མི་མཐུན་པ་བྱུང་ཡོད་འདུག ད་ལྟའི་ཆར་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་བྱེད་སར་པུར་ཐལ་བསྡུ་རུབ་བྱེད་མཁན་མི་གཅིག་ལས་གཞན་རྣམས་རང་སར་ཕྱིར་ལོག་བཏང་ཡོད་པ་རེད།
དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གསང་བའི་ངང་བཙོན་འཇུག་བྱ་ས་དང་། དེ་བཞིན་ད་རེས་རིན་པོ་ཆེའི་སྐུ་ཕུང་ཡོད་ས་དངོས་གནས་དེ་ནི་ད་ལྟ་གོང་དུ་ཞུས་པའི་川东监狱་ནས་སྤྱི་ལེ་༥་ཙམ་ཡོད་སའི་ས་ཆ་ཁུག་ཀྱོག་ཞིག་ཏུ་ཡོད་པ་ལས་སྔོན་མའི་མེན་ཡང་དང་། དེ་རྗེས་ཁྲོན་ཏང་བཙོན་ཁང་ཞེས་པ་དེ་དག་ནང་མིན་པ་བརྗོད་ཡོད།
བོད་ནང་ཡོད་པའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་མཆེད་དང་། ཞལ་སློབ་ཚོས་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་དགོས་པ་དང་། གཤེགས་རྐྱེན་ཇི་ཡིན་འགྲེལ་བརྗོད་གསལ་པོ་དགོས་པའི་སྐོར་ལ་དོན་ཚན་ལྔ་འཁོད་པའི་རྒྱ་ཡིག་ཐོག་བྲིས་པའི་སྙན་ཞུ་ཞིག་རྒྱ་ནག་གཞུང་ངམ་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་ལ་ཕུལ་ཡོད་པ་དང་། དེའི་ནང་དང་པོ། རྒྱ་ནག་གཞུང་གིས་ཐོག་མར་སྤྲུལ་སྐུ་སྐུ་གྲོངས་པའི་ཤི་ཚེའི་ཡིག་ཆ་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཀྱང་། རྗེས་སུ་སྤྲད་མ་སོང་།
གཉིས། གཞུང་གིས་སྐུ་ཕུང་ནང་མིར་རྩིས་སྤྲོད་མི་ཆོག་སྐོར་བརྗོད་སོང་། དེ་ནི་གྲོངས་རྐྱེན་གང་ཡིན་གསང་བའི་ཆེད་དུ་ཡིན་པ་ལས། བཙོན་ཁང་ནས་མི་གྲོངས་ན་ཕུང་པོ་ནང་མིར་སྤྲད་མི་ཆོག་པའི་ཁྲིམས་ཡིག་གང་དུ་ཡོད་མེད།
གསུམ། རིན་པོ་ཆེའི་ཕུང་པོ་ཚུར་རྩིས་མ་སྤྲད་ན་ང་ཚོས་གསར་འགོད་པ་དང་། དཔྱད་ཞིབ་པས་ཞིབ་འཇུག་ཡོང་ཐབས་བྱེད་རྒྱུ་ཡིན། གལ་སྲིད་ཕུང་པོ་ཚུར་སྤྲད་ན་དཔྱད་ཞིབ་དེ་འདྲ་བྱེད་མ་དགོས་པ་བྱེད་ཆོག་ཅེས་སྤྲུལ་སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོས་བརྗོད་ཡོད།
བཞི། སྤྲུལ་སྐུ་གྲོངས་མ་ཐག་ང་ཚོར་ག་རེ་བྱས་ནས་རྒྱ་ནག་གིས་བཤད་མེད་པ་རེད། གྲོངས་པའི་ཆུ་ཚོད་ཀྱང་ཁ་ཤས་ཀྱིས་༢ པ་དང་ཁ་ཤས་༤ པ་རེད་ཟེར་གྱི་འདུག
ལྔ། ཕུང་པོ་ནང་མིར་མ་སྤྲད་པར། དུས་བཀག་ནང་ཕུང་པོར་ལྟ་ཡི་མ་ཡོང་ན་མེར་སྲེག་གཏོང་རྒྱུ་ཡིན་སྐོར་བརྗོད་སོང་། ཁྲིམས་ག་རེའི་ནང་བཙོན་ཁང་ནས་མི་གྲོངས་པ་མེར་སྲེག་བཏང་ཆོག་གི་ཡོད་པ་རེད་ཅེས་འཁོད་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་དམ་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་དགོས་པའི་ཞུ་གཏུགས་གནང་མཁན་བོད་མི་རྣམས་ལ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་བ་མ་ཟད། མེ་མདའ་རྒྱབ་ནས་བོད་མི་མང་པོར་རྨས་སྐྱོན་ཕོག་པ་དང་། ཉུང་མཐར་བོད་མི་མི་གྲངས་༡༥་ཙམ་ཛ་དྲག་ངང་སྨན་ཁང་ལ་བསྐྱེལ་དགོས་བྱུང་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས་དང་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎