ཤེས་རབ་ལགས་ནས་རང་སྲེག
2013.05.29

༄༅། །ཟླ་བ་འདིའི་ཚེས་༢༧ཉིན་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས། ཆུ་དམར་ལེབ་རྫོང་ཁོངས། ཨ་དྲིལ་སྡེ་པ་ནས་ཡིན་པའི་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེག་བཏང་གནང་སྟེ། ཁོང་འདས་གྲོངས་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཞིག་བྱུང་འདུག བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་གི་ཁོངས་གཏོགས། རྒྱ་རིང་ཟེར་བའི་ས་ཆར་སྐུ་ལུས་མེར་སྲེག་བཏང་ནས་འདས་གྲོངས་ཕྱིན་པའི་རྗེས་སུ་མ་གཏོགས། ཁོང་གི་རོགས་པ་ཚོས་ཤེས་རྟོགས་བྱུང་མེད་པ་རེད། གནད་དོན་དེ་བྱུང་མ་ཐག ཆུ་དམར་རྫོང་གི་སྤྱི་བདེ་ཉེན་རྟོག་པ་འབྱོར་ནས་
བསྟན་འཛིན་ཤེས་རབ་ལགས་ཀྱི་སྐུ་ཕུང་འཁྱེར་ཡོད་པ་དང་། ཁ་སང་ཕྱི་ཚེས་༢༨ཉིན་ཁོང་གི་ཕ་དོན་གྲུབ་ལགས་སྐད་བཏང་སྟེ། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་འདུག རང་ལོ་༣༡ལ་ཕེབས་པའི་བསྟན་འཛིན་ཤེས་རབ་ལགས་དམ་པ་དེའི་མའི་མཚན་ལ་ཆོས་མས་དང༌། ཁོང་ལ་སྤུན་མཆེད་ལྔ་ཡོད་པ་རེད། ཁོང་གིས་ཉིན་ཤས་གོང་གྲོགས་པོ་ཁ་ཤས་ལ། རྒྱ་ནག་གཞུང་གི་སྲིད་ཇུས་ཡག་པོ་མེད་ཚུལ་དང༌། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླགས་འགྲོ་ཉེན་ཡོད་སྐོར་སོགས་ཀྱི་སྐོར་གླེང་མོལ་གནང་འདུག།