བསྟན་འཛིན་བཟོད་པ་རྒྱ་ནག་གིས་གློ་བུར་འཇུ་བཟུང་བྱས་བ།
2015.06.01

མདོ་སྨད་ཅོ་ནེ་ནས་རང་ལུས་མེར་བསྲེགས་བཏང་གནང་མཁན་སངས་རྒྱས་མཚོའི་སྤུན་ཉེ་ཞིག་རྒྱ་ནག་གིས་འཇུ་བཟུང་བྱས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༡༥ཟླ་༥ཚེས་༢༨ཉིན། ཅོ་ནེ་ཆོས་དཔལ་ཞིང་གི་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་སྨན་པ་གྲྭ་ཚང་གི་བསྟན་འཛིན་བཟོད་པ་ལགས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ས་གནས་བོད་མིས་བརྗོད་དོན། བསྟན་འཛིན་བཟོད་པ་ལགས་ནི། སྤྱི་ལོ་༢༠༡༥ཟླ་༥ཚེས༢༧ཉིན། མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཁོངས་ཀྱི་ཅོ་ནེ་བཀྲིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་ས་གནས་རྒྱ་ནག་གི་ལས་དོན་རུ་ཁག་གི་ལས་ཁུངས་མདུན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བུད་མེད་སངས་རྒྱས་མཚོ་ཡི་སྤུན་ཉེ་ཡིན་པ་དང་། ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ད་ལྟའི་གནས་སྟངས་གསལ་བོ་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གིས་སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་ལ་ཁ་གཡར་ཏེ་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད་ཟེར།
རང་ལུས་མེར་བསྲེགས་གནང་མཁན་སངས་རྒྱས་འཚོའི་སྐུ་ཕུང་དེ་མ་ཐག་གཙོད་གྲོང་ཁྱེར་དུ་ཁྱེར་ཡོད་པ་དང་། རྒྱ་གཞུང་ཉེན་རྟོག་དམག་མི་རྣམས་སངས་རྒྱ་མཚོའི་ཁྱིམ་དུ་སོང་ནས། ནང་མིའི་ངོས་ནས་སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསང་རྒྱ་བྱས་ཏེ། ཁོང་མོ་ནི་སྤྱིར་བཏང་གི་གནས་ཚུལ་འོག་འདས་གྲོངས་ཕྱིན་སྐོར་བརྗོད་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཉིན་དེར་ནང་མིར་འདས་མཆོད་ཀྱང་བྱེད་བཅུག་མེད་པ་རེད། རྗེས་སུ་ནང་མི་གཉིས་སྐད་བཏང་སྟེ་ཕྱི་ཚེས་༢༨ཉིན་སངས་རྒྱས་འཚོའི་སྐུ་ཕུང་མེར་བསྲེགས་རྗེས་རུས་ཐལ་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ཉིན་དེ་ནས་བཟུང་རྒྱ་གཞུང་གིས་ནང་མིའི་ངོས་ནས་ཁོ་མོའི་ཆེད་འདས་མཆོད་སྒྲུབ་བཅུག་ཡོད་པ་རེད་འདུག
སངས་རྒྱས་མཚོ་ལགས་ནི་ད་ལྟ་རང་ལོ་༣༦ཙམ་ཡིན་ཞིང་། ཁོང་གི་བཟའ་ཟླ་རྟ་མགྲིན་དབང་རྒྱལ་དང་ཁོང་གཉིས་ལ་བུ་ཞིག་དང་། བོུ་ཞིག་བཅས་ཕྲུ་གུ་གཉིས་ཡོད་པར་ཀན་ལྷོ་འམ་མདོ་ལྷོ་ཅོ་ནེ་ཆོས་དཔལ་ཞིང་རྨེ་རུ་སྲིབ་པ་སྡེ་བའི་ཡིན་འདུག
སངས་རྒྱས་མཚོ་ལགས་བརྩིས་བས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་བོད་མི་མི་གྲངས་༡༤༡བྱུང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།