རྒྱ་གར་ཉེན་རྟོག་པས་སྔ་རྗེས་འཛིན་བཟུང་བྱས་བའི་བོད་མི་ཚང་མ་གློད་བཀྲོལ་བྱུང་འདུག
2019.10.16
རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་གཟིགས་སྐོར་སྐབས་ངོ་རྒོལ་སྔོན་འགོག་ཆེད་རྒྱ་གར་ཉེན་རྟོག་པས་སྔ་རྗེས་འཛིན་བཟུང་བྱས་བའི་བོད་མི་ཚང་མ་གློད་བཀྲོལ་བྱུང་འདུག
དེ་ཡང་ཉེ་བའི་ཆར་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་གར་དུ་གཟིགས་སྐོར་བྱས་བའི་སྔ་རྗེས་སུ། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གཉིས་ཐུག་འཕྲད་གནང་ཡུལ་རྒྱ་གར་གྱི་ཅི་ནཡི་གྲོང་ཁྱེར་གྱི་ཉེ་འཁྲིས་(Mamallapuram)་སོགས་ཉེ་འཁོར་ས་གནས་འདྲ་མིན་ནས་ཅི་ནཡི་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་༤༡་ཙམ་བྱུང་ཡོད་པའི་ཁོངས་ནས་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཉིན་གྲངས་༡༢་རྗེས་འདི་ཚེས་༡༦་ཉིན་(Puzhal)་དབུས་བཙོན་ཁང་ནས་གློད་བཀྲོལ་བྱུང་འདུག་ལ་གཞན་བོད་མི་མི་གྲངས་༡༣་ཚེས་༡༥་ཉིན་གློད་བཀྲོལ་བྱུང་ཡོད་པ་རེད། ད་ཆ་འཛིན་བཟུང་བཀག་ཉར་འོག་གི་བོད་མི་ཚང་མ་གློད་བཀྲོལ་བྱུང་ཡོད་པ་རེད།
རྒྱ་གར་ཉེན་རྟོག་པས་བོད་མི་ཚོའི་ངོ་རྒོལ་ལས་འགུལ་རིགས་སྔོན་འགོག་ཆེད་རྒྱ་ནག་གི་སྲིད་འཛིན་མ་འབྱོར་བའི་ཟླ་༡༠་བའི་ཚེས་༥་ནས་སྔ་ཕྱིར་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་ཡེ་ཤེས་ལགས། རྒྱ་གར་ནང་གི་བོད་རང་དབང་སློབ་ཕྲུག་ཚོགས་པའི་རིག་འཛིན་ཆོས་སྒྲོན་ལགས། ཅི་ནཡི་མཚམས་(TSAM)བོད་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས། ཅི་ནཡི་གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་ཧིན་རྡུ་སུ་ཐན་མཐོ་སློབ་ཁང་གི་སློབ་དཔོན་གྱི་ཕྱག་རོགས་བསྟན་འཛིན་ནོར་བུ་ལགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་སོགས་སྐབས་དེར་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་པ་དང་། སྐབས་ཐོག་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་བཅས་བོད་མི་མི་གྲངས་༤༡་ཙམ་འཛིན་བཟུང་བཀག་ཉར་བྱས་ནས་དུས་ཡུན་འདྲ་མིན་ལ་བཀག་ཉར་བྱས་ཡོད་པ་རེད།