ཐའེ་ལན་ཌི་དང་ཀམ་སྦོ་དྲི་ཡའི་ས་མཚམས་སུ་དྲག་འཐབ།
2011.02.09
༄༅༎ཐའེ་ལན་ཌིའི་ཕྱི་སྲིད་བློན་ཆེན་ཀ་སིཏ་པི་རོམ་ཡ་ཡིས་གཟའ་འཁོར་རྗེས་མའི་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཉེ་ཆར་ཐའེ་ལེན་དྲི་དང་ཀམ་སྦོ་དྲི་ཡ་ས་མཚམས་སུ་དམག་དཔུང་དབར་དྲག་འཐབ་ཀྱི་དོན་རྐྱེན་བྱུང་བའི་སྐོར་ཐད་ལན་རང་ཕྱོགས་ཀྱི་གནད་དོན་དེའི་ཐོག་གི་བསམ་ཚུལ་བརྒྱུད་བསྒྲགས་གནང་བར་ཕེབས་འཆར་ཡོད་པ་དང་ ཐའེ་ལན་དྲི་གྱི་འབྲེལ་ཡོད་དཔོན་རིགས་ནས་དེ་རིང་དེའི་སྐོར་འགྲེལ་བརྗོད་གནང་བར་གཞིགས་ན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀམ་སྦོ་དྲི་ཡ་ཕྱོགས་ཀྱི་བརྗོད་པ་གཅིག་པུ་མིན་པར་ ཐའེ་ལན་དྲི་ཕྱོགས་ཀྱི་བཤད་སྲོལ་ལ་ཡང་ཉན་ཞིབ་གནང་དགོས་ཀྱི་ཡོད་ཅིང་ཐའེ་ལན་དྲི་དང་ཀམ་སྦོ་དྲི་ཡ་ཡུལ་གཉིས་དབར་ས་མཚམས་སུ་དམག་དཔུང་དབར་དྲག་འཐབ་ཀྱི་དོན་རྐྱེན་དེའི་ཐོག་ཐད་ཀར་གྲོས་མོལ་བྱ་སྲིད་པ་ཡང་གསུང་འདུག ཐའེ་ལན་དྲི་དང་ཀམ་སྦོ་དྲི་ཡའི་དབར་ཡུལ་དེ་གཉིས་ཀྱི་ས་མཚམས་ཁུལ་དུ་ཉིན་གྲངས་བཞིའི་རིང་མེ་སྒྱོགས་སོགས་ཀྱི་གཏོར་རྒོལ་གཏོང་རེས་བྱས་ནས་མི་གྲངས་བརྒྱད་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་ མི་གྲངས་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ཡོད་ཅིང་ལྷག་པར་དུ་ས་མཚམས་ཁུལ་དུ་གནས་པའི་ཀམ་སྦོ་དྲི་ཡའི་ནང་པའི་དགོན་སྡེ་ཞིག་ལ་གཏོར་སྐྱོན་ཕོག་ཡོད་པ་དང་ དགོན་སྡེ་དེ་བཞིན་ལོ་ངོ་དགུ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་རིག་གཞུང་རྙིང་པ་སྲུང་སྐྱོབ་བྱེད་ཡུལ་གྱི་གྲས་ཀྱང་ཡིན་པར་བརྟེན་ཀམ་སྦོ་དྲི་ཡ་གཞུང་ནས་ཐའེ་ལན་དྲི་་ལན་གྲིའི་དམག་དཔུང་གིས་ དགོན་པ་དེར་གཏོར་རྒོལ་བཏང་བའི་གནས་ཚུལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་སེང་ཞུས་ཡོད་པ་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་་མཆོག་ནས་ཡུལ་གྲུ་དེ་གཉིས་ཀྱི་ས་མཚམས་དབར་གྱི་འཁྲུག་རྩོད་ཀྱི་གནས་སྟངས་ཞི་འཇམ་ཡོང་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་མོལ་གྱི་ལམ་ནས་གནད་དོན་སེལ་ཐབས་གནང་རྒྱུའི་རོགས་རམ་གནང་རྒྱུ་ཡིན་ལུགས་གསུང་འདུག