༸གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཆར་སྐོར།
2009.04.28
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ཉིན་ཨ་མི་རི་ཀའི་བྱང་ཕྱོགས་གྲོང་ཁྱེར་རཱོ་ཆེསི་ཊར་དུ་མཱེ་ཡོ་ཁི་ལི་ནིཀ་ཞེས་པའི་འཛམ་གླིང་གི་ཁྱོན་ལ་སྙན་གྲགས་ལྡན་པའི་ནུབ་ཕྱོགས་པའི་གསོ་བོ་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ་སྐུའི་འཕྲོད་བཞེས་ཐད་བརྟག་དཔྱད་གནང་བར་ཆིབས་བསྒྱུར་གནང་ཡོད་པ་རེད།
༸གོང་ས་མཆོག་གྲོང་ཁྱེར་དེར་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་སྐོར་གོང་དུ་དྲིལ་བསྒྲགས་གནང་མེད་པར་མངོན་ཡང་མངའ་སྡེའི་ནང་གི་གྲོང་ཁྱེར་མཱི་ནེ་ཡ་པོ་ལི་སི་དང་སེནཏ་པོལ་ནང་གནས་བཞིན་པའི་བོད་མི་ཚོས་གོ་ཐོས་བྱུང་སྟེ་བོད་མི་བཞི་བརྒྱ་བརྒལ་བས་སྐབས་དེར་གྲོང་ཁྱེར་རཱོ་ཆེསི་ཊར་དུ་བཅར་སྟེ་གྲོང་ཁྱེར་དེའི་ནང་གི་སེནཏ་མེ་རི་སི་ཆེ་པལ་འམ་ཡེ་ཤུའི་ལྷ་ཁང་ཆེན་མོའི་ནང་༸གོང་ས་མཆོག་གིས་དེར་འདུས་པའི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད། བོད་མི་དེ་ཚོའི་ཁོངས་ནས་བསྟན་འཛིན་བསམ་གཏན་ཞུ་བས་ས་གནས་ཀྱི་གསར་ཤོག་ལ་བརྗོད་གསལ་ལྟར་ན་བོད་མི་རྣམས་༸གོང་ས་མཆོག་མཇལ་ཁར་མ་བཏང་གོང་ལ་ས་གནས་ཀྱི་བདེ་འཇགས་ཚན་པས་བོད་མི་ཚོར་ལུས་བཤེར་ཐར་ཕྱིན་པ་བྱས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོ་སོའི་སྐད་ཡིག་སྦྱང་ཤེས་བྱེད་རྒྱུར་ཕ་མས་གཙོས་པས་བོད་མི་རྒན་རབས་ཚོའི་ངོས་ནས་ན་གཞོན་ཚོར་བློ་སྟོབས་སྤེལ་དགོས་པ་དང་བོད་མི་ཕན་ཚུན་མཛའ་ཤེས་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་སོགས་ལམ་སྟོན་གནང་ཡོད་པ་རེད། སྐབས་དེར་བོད་རྒྱའི་འབྲེལ་བའི་ཐད་ལའང་གསུང་བཤད་སྩལ་སྐབས་འདས་པའི་ལོ་རྒྱུས་ནི་ལོ་རྒྱུས་རང་རེད་ཅེས་བཀའ་གནང་བ་དང་སྦྲགས་བོད་རྒྱའི་དབར་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་དོན་དུ་བོད་མི་དང་རྒྱ་མི་གཉིས་ཀའི་ཕྱོགས་ནས་ཕན་ཚུན་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་རྟོགས་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བྱས་པ་ཡིན་ན་བོད་རྒྱའི་དབར་གྱི་འབྲེལ་བ་དེ་གོང་མཐོར་གཏོང་ཐུབ་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།