རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་༦པ།
2010.11.04
༄༅༎བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དྲུག་པ་དེ་ དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་འགྲམ་ཧ་རི་ཡ་ན་མངའ་སྡེའི་གྲོང་ཁྱེར་སུ་རཇ་ཀུནཌ་ནང་དབུ་འཛུགས་གནང་རྒྱུ་ཡིན་པ་དང་ ཚོགས་འདུའི་ཚོགས་མགོན་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་སྐུ་གཞོན་ཟུར་པ་ཨེ་ཀེ་ཨཊ་ལྦ་ནི་བཅས་ཆེས་མཐོའི་མི་སྣ་ཁག་ཅིག་རྒྱལ་སྤྱིའི་ཚོགས་འདུ་འདིའི་ཐོག་ཚོགས་ཕེབས་གནང་རྒྱུ་ཡིན་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་གོ་སྒྲིག་གནང་མཁན་ཨེན་ཀེ་ཏྲི་ཀ་མཆོག་གིས་ཕྱི་ཚེས་༥་ནས་༧་བར་བསྐོང་ཚོགས་གནང་བཞིན་པའི་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་འདིའི་ནང་གཙོ་བོ་བོད་ནང་གི་ད་ལྟའི་གནས་སྟངས་དང་དེ་བཞིན་བོད་རྒྱ་གཉིས་དབར་གྱི་གནད་དོན་འཕེལ་རིམ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ལས་འཁུར་ཞུ་ཕྱོགས་ཐད་གྲོས་མོལ་ཞུ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ཐེངས་འདིའི་ལྷན་ཚོགས་ལ་རྒྱལ་སྤྱིའི་ཡུལ་ཁག་༥༧་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཚབ་༢༥༠ཆེད་ཕེབས་གནང་ཡོད་པ་དང་ལྷན་ཚོགས་འདིའི་གླེང་གཞིའི་གསུང་བཤད་གཙོ་བོ་འདི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་འདུག།