༸གོང་ས་མཆོག་དབྱིན་ཡུལ་དུ་ཕེབས་འབྱོར་བྱུང་གནང་འདུག
2008.05.20
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་སྔོན་མ་འཇར་མ་ནིའི་ནང་ཆིབས་བསྒྱུར་གྲུབ་འི་རྗེས་དེ་རིང་རེས་གཟའ་མིག་དམར་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཏེ་ཡུལ་དེའི་ནང་ཉིན་ ༡༡ རིང་བཞུགས་བཞག་གནང་རྒྱུའི་རིང་དབྱིན་ཇིའི་སྲིད་བློན་ གོར་ཌེན་སྦ་རའོན་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད་གྲོས་ཚོགས་ནང་བོད་དོན་སྐོར་གསུང་བཤད་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད་
དེ་རིང་རེས་གཟའ་མིག་དམར་ཉིན་༸གོང་ས་མཆོག་ལ་ལོན་ཌོན་གཙུག་ལག་སློབ་གྲ་ཆེན་མོ་ནས་སློབ་གྲའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་གནང་རྒྱུ་དང་དེ་རྗེས་སང་ཉིན་རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ དེ་ནས་རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་ནས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྦྲགས་ ཕྱི་ཟླ་གསུམ་པའི་ནང་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་དུ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་སོགས་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་ཡིན་པ་རེད་ དེ་མིན་ཡང་༸གོང་ས་མཆོག་ནས་ལོན་ཌོན་རོ་ཡེལ་ཨེལ་སྦ་ཊེ་ཞེས་པའི་སྙན་གྲགས་ཅན་གྱི་ཚོགས་ཁང་ཆེན་མོའི་ནང་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་མ་ཟད་ དབྱིན་ཇིའི་སྙན་གྲགས་ཅན་གྱི་ཨོག་སི་ཕཱོ་ཌི་གཙུག་ལག་སློབ་གྲ་ཆེན་མོ་དེའི་ནང་དུའང་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་བཞག