༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞབས་སོར་འཁོད།
2011.12.10
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་ཏུ་ཞབས་སོར་འཁོད་དེ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦལ་མཆོག་དང་མཇལ་འཕྲད་ལྷུགས་པོ་གནང་འདུག ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མཆོག་གིས་གསར་འཛུགས་གནང་བའི་Forum 2000 Foundationཞེས་པའི་དགེ་རྩ་ཚོགས་པས་༧གོང་ས་མཆོག་ལ་ཇི་ལྟར་གདན་ཞུ་གནང་བ་ལྟར་ཉིན་གསུམ་རིང་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་ནི། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ཤིན་ཏུ་མཚན་སྙན་ཅན་ཞིག་ཡིན་ཞིང་། ཆེཀ་སྤྱི་མཐུན་རྒྱལ་ཁབ་ནང་གསར་བརྗེ་བྱུང་སྟེ་མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་གསར་དུ་དབུ་བརྙེས་རྗེས་ལྦཀ་ལེལྦ་ཧ་ལྦལ་མཆོག་སྲིད་འཛིན་དང་པོར་མང་མོས་འོས་འདེམས་བྱུང་བ་ཡིན་པ་རེད། ཁོང་གིས་གཞུང་གི་འཛིན་སྐྱོང་འགན་ཁུར་བཞེས་མ་ཐག་ཕྱི་ལོ་༡༩༩༠་ལོར་༧གོང་ས་མཆོག་ལ་གཞུང་འབྲེལ་སྐུ་མགྲོན་དང་པོར་གདན་ཞུ་གནང་སྟེ་དབུ་ཁྲིད་རྣམ་གཉིས་ཕན་ཚུན་བརྩི་བཀུར་ཆེ་ཞིང་མཛའ་བརྩེའི་གྲོགས་པོ་ཡིན་པ་རེད། ད་རེས་༧གོང་ས་མཆོག་དང་ལྦཀ་ལེལྦ་ཧ་ལྦེལ་རྣམ་གཉིས་དུས་ཡུན་ཆུ་ཚོད་གཅིག་ཙམ་བཀའ་བསྡུར་གནང་འདུག དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་རྗེས་༧གོང་ས་མཆོག་གིས་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་ད་དུང་ལོ་ངོ་བཅུ་ཙམ་སྐུ་ཚེ་བརྟན་དགོས་འདུག་ཅེས་གསུངས་ཡོད་ལུགས་གསར་འགོད་པར་བཀའ་གནང་འདུག
༧གོང་ས་མཆོག་གིས་ཕྱི་ཚེས་ ༡༡ ཉིན་སྔ་ལོ་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་རྐྱེན་ནོ་བེལ་གཟེངས་རྟགས་འབུལ་ཡུལ་ནོར་ལྦེ་རྒྱལ་ས་ཨོ་སི་ལོའོ་རུ་ཕེབས་མ་ཐུབ་པར་བརྟེན། གཟེངས་རྟགས་འབུལ་ཉིན་ཁོང་གི་ཞུགས་གྲལ་སྟོང་པར་བཞག་སྟེ་ལོ་གཅིག་ཧྲིལ་པོ་འཁོར་རྗེས། ཨེ་ཤིའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སྟེགས་སྒོར་མོའི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིིན་ཞིང་། ལྷན་ཚོགས་དེའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཤི་རིན་ཨེ་སྦ་ཌི་དང་། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཀྱི་ཡིག་ཆ་ཟིན་བྲིས་འགོད་པོའི་གྲས་ཡིན་པ་སྐུ་ཞབས་སི་ཀྲེ་ཕེ་ནི་ཧེ་སེལ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་དབྱང་ཅན་ལི་བཅས་ཚོགས་བཞུགས་གནང་གི་ཡོད་པ་རེད།
དེ་ནས་༧གོང་ས་མཆོག་གིས་རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་འདུག དེ་བཞིན་ཕྱི་ཚེས་ ༡༢ ཉིན་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་དྲི་བར་བཀའ་ལན་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།།