འབྲས་ལྗོངས་སྤྱི་ཁྱབ་ནས་༸གོང་ས་མཆོག་ལ་ཕེབས་བསུ།
2010.12.15
༄༅༎འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ལྦན་ཀུ་མའར་ཆམ་ལིང་གིས་དབུ་ཁྲིད་པའི་མངའ་སྡེའི་བློན་ཆེན་ཁག་ཅིག་གིས་འབྲས་ལྗོངས་བྱང་ཕྱོགས་དཔལ་གླིང་གནམ་ཐང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་པ་ཆེན་པོའི་སྒོ་ནས་ཕེབས་བསུ་ཞུ་བར་བཅར་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་ཁུལ་ཉིན་གྲངས་༨རིང་ཞུགས་གདན་འཇགས་རྒྱུ་ཡིན་པ་ལྟར། འབྲས་ལྗོངས་མངའ་སྡེ་གཞུང་གིས་ ༧གོང་ས་མཆོག་ཁུལ་དེར་ཞུགས་ཡུན་རིང་ར་ལུག་སོགས་སེམས་ཅན་རིགས་གསོད་མི་ཆོག་པའི་བཀའ་ཁྱབ་གནང་བཞག།
དཔལ་གླིང་གནམ་ཐང་དུ་ཁུལ་དེའི་རྩ་ཆེའི་དགོན་པ་པདྨ་ཡངས་རྩེའི་དགེ་འདུན་པ་ཚོས་སེར་བང་སྒྲིག་གནང་སྟེ་ཆོས་རོལ་དུང་རྒྱ་དང་སྤོས་སྣེས་སྔོན་བསུས་ནས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང༌། དད་ལྡན་མི་མང་སྟོང་ཕྲག་མང་པོ་༧གོང་ས་མཆོག་གི་ཞལ་མཇལ་དང་སྦྱིན་རླབས་ཐོབ་ཕྱིར་གནམ་ཐང་དུ་བཅར་ཡོད་སྐོར་རྒྱ་གར་གྱི་པི་ཀྲི་ཨའེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
ཐོག་མར་པདྨ་ཡངས་རྩེ་དགོན་པའི་ནང་ཞབས་སོར་འཁོད་གནང་མཛད་རྗེས། ༧གོང་ས་མཆོག་གནམ་ཐོག་ནས་ བཀྲིས་གདིང་དགོན་པར་ཆིབས་བསྒྱུར་གནང་ནས་ཕྱི་ཚེས་༡༧བར་དེ་གར་བཞུགས་གདན་འཇགས་ཡག་རེད་འདུག།
ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་འབྲས་ལྗོངས་ཁུལ་གྱི་བོད་མིའི་ གཞིས་ཆགས་ར་ལྦང་ལར་ཆིབས་བསྒྱུར་གྱིས་ས་གནས་བོད་མི་ཚོར་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་དང༌། ཉིན་དེ་གར་༧གོང་ས་མཆོག་འབྲས་ལྗོངས་ཁུལ་གྱི་དགོན་པ་རྙིང་ཤོས་ར་ལོང་དགོན་པར་གནས་གཟིགས་ལ་ཆིབས་བསྒྱུར་གནང་ཡག་རེད་འདུག། དེ་ནས་ཕྱི་ཚེས་༡༩ཉིན་༧གོང་ས་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཕྱོགས་སུ་ཕེབས་ཐོན་གྱིས་གྲོང་ཁྱེར་དེའི་ནང་བཞུགས་མོལ་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་༢༢ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཁ་བསྒྱུར་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།