༸གོང་ས་མཆོག་གིས། བརྩེ་བ་ནི་གལ་འགངས་ཆེ་ཤོས་ཡིན་ཞེས་བཀའ་སྩལ་བ།

2024.04.09
༸གོང་ས་མཆོག་གིས། བརྩེ་བ་ནི་གལ་འགངས་ཆེ་ཤོས་ཡིན་ཞེས་བཀའ་སྩལ་བ། ༸གོང་ས་མཆོག་ཕོ་བྲང་གི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱང་བཞིན་པ། ༢༠༢༤།༠༤།༠༩ ཉིན།
OHHDL

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁེན་ནེ་ཌིའི་སློབ་གླིང་གི་མི་མང་གི་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་འགོ་འཛུགས་གནང་མཁན་སྐུ་ཞབས་ Arthur Brooks ལགས་ཀྱིས་སྣེ་ཁྲིད་འོག་དགེ་རྒན་དང་ན་གཞོན་འགོ་ཁྲིད་བཅས་ཁྱོན་མི་གྲངས་ ༣༩ བཞུགས་སྒར་དུ་ཆེད་ཕེབས་ཀྱིས། འདི་ཚེས་ ༨ དང་ ༩ ཉིན་གཉིས་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ། བདག་ལས་འདས་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ཅིང་། འདི་ཚེས་ ༩ ཉིན་ཏེ་ཉིན་གཉིས་པའི་བགྲོ་གླེང་སྐབས་༸གོང་ས་མཆོག་གིས་བརྩེ་བ་ནི་ཆོས་དང་འབྲེལ་བ་མེད། ཅེས་དང་། ང་ཚོའི་བརྩེ་བའི་མིག་བལྟོས་དེ་ཨ་མའི་དྲུང་ནས་ཡོང་གི་ཡོད་པས། འཛམ་བུ་གླིང་འདིའི་སྟེང་བརྩེ་བ་ནི་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

ཡང་སྐུ་ཞབས་ Arthur Brooks ལགས་ཀྱིས་༸གོང་ས་མཆོག་ལ་དེང་གི་ཚན་རིག་པ་ཚོར་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་ཐད་བཀའ་འདྲི་གང་ཡོད་དམ་ཞེས་དྲིས་པར། ༸གོང་ས་མཆོག་གིས། དྲི་བ་གལ་ཆེ་ཤེས་ཤིག་ནི་འཛམ་བུ་གླིང་འདིའི་སྟེང་ཞི་བདེ་ཡོང་ཐབས་གང་འདྲ་གནང་གི་ཡིན་ནམ་ཞེས་བཀའ་ལན་སྩལ་སོང་།

འདི་ག་གསར་འགོད་པས་བགྲོ་གླེང་ཁོངས་སུ་ཡོད་པ་ན་གཞོན་འགོ་ཁྲིད་ཁག་ཅིག་ལ་༸གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན་གཞིར་བཞག་ཐོག་མ་འོངས་སོ་སོའི་སྤྱི་ཚོགས་ཁྲོད་བཟང་ཕྱོགས་ཀྱི་འགྱུར་བ་གང་འདྲ་ཞིག་བསྐྲུན་ཐུབ་མིན་གྱི་ཐད་བཀའ་འདྲི་ཞུས་པར།

Christina Johnson ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་གཙོ་བོ་ནི་གཞན་ལ་བརྩེ་སེམས་བཅང་རྒྱུ་དེ་ཡིན་པ་དང་། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་དུས། ང་ཚོ་ཚང་མ་ལ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཞེས་པ་དེ་རེད་འདུག་ཅེས་གསུངས་བྱུང་། ཁོང་གིས་མུ་མཐུད་གསུངས་པར། ངའི་བསམ་པར་མ་འོངས་སོ་སོའི་སྤྱི་ཚོགས་ནང་འགྱུར་བ་གཏོང་དགོས་ན། ཐོག་མར་སོ་སོ་རང་ཉིད་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན་ངས་མ་འོངས་པར་སོ་སོའི་ཉེ་འཁོར་དང་སྤྱི་ཚོགས་ཁྲོད་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེ་ཡིན་པའི་སྐོར་གང་མང་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

ཡང་ Candice Gayl ལགས་ཀྱིས། ང་རང་ Arthur Brooks དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་པས། དེ་རིང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་དོན་སྙིང་པོ་དེ་ནི་འགྲོ་བ་མིའི་རིགས་ཆ་ཚང་གཅིག་མཚུངས་ཡིན་པའི་སྐོར་དང་། སེམས་བཟང་པོ་བྱ་རྒྱུ། དེ་བཞིན་གཞན་ལ་བདེ་སྐྱིད་སྤེལ་ཐབས་སོགས་ཡིན་པས། ངས་མ་འོངས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་ཀྱིས། ༸གོང་ས་མཆོག་གི་བཀའ་སློབ་རྣམས་གང་མང་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

ཡང་ Brendan Chan ལགས་ཀྱིས། དེ་རིང་༸གོང་ས་མཆོག་གི་སྐུ་མདུན་ནས་བཀའ་སློབ་གང་ཞུས་པ་རྣམས་སོ་སོའི་རྒྱུད་ལ་འཇགས་རྒྱུར་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་རེད་བསམ་གྱི་འདུག ངའི་བསམ་པར་ཐོག་མར་སོ་སོ་རང་ཉིད་ཀྱི་ཉིན་རེའི་བྱ་སྤྱོད་དང་གཞན་ལ་བཀའ་མོལ་གནང་སྟངས་སོགས་ལ་ཞིབ་འཇུག་གིས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བཏང་ནས། རིམ་པས་མ་འོངས་སོ་སོའི་ཉེ་འཁོར་དང་མི་སུ་འདྲ་ཞིག་དང་འཕྲད་ཚེ་སེམས་བཟང་པོའི་ཀུན་སློང་དང་བདེ་སྐྱིད་གང་མང་སྤེལ་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

གཞི་རྩའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁེན་ནེ་ཌིའི་སློབ་གླིང་གི་མི་མང་གི་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་དེ་ནི་སྐུ་ཞབས་ Arthur Brooks ལགས་ཀྱི་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་། བརྟག་དཔྱད་ཁང་དེའི་རྩ་འཛིན་གདམས་ངག་གཙོ་བོ་ནི་འཛམ་གླིང་དེའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་འགོ་ཁྲིད་རྣམས་ནི་བདེ་སྐྱིད་ཀྱི་དགེ་རྒན་བྱ་དགོས་ཞེས་པ་དེ་ཆགས་ཀྱི་འདུག

དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ པའི་སྐུ་ཞབས་ Arthur Brooks ལགས་ཀྱིས་ཧ་ཝར་ཌི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཁྱོན་ ༢༥ བཞུགས་སྒར་དུ་སྣེ་ཁྲིད་ཀྱིས། ༸གོང་ས་མཆོག་དང་ལྷན་དུ་ཉིན་གཉིས་རིང་འགོ་ཁྲིད་དང་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎