༸གོང་ས་མཆོག་གིས་ཆོས་ལུཌ་ཁག་གི་ལྷན་ཚོཌ་སུ་གསུང་བཤད།
2009.01.17
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོ་ཧ་ཅང་གི་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་རབས་ཉི་ཤུ་རྩ་གཅིག་འདིའི་ནང་ཆོས་ལུགས་ཆེ་ཁག་གི་ནང་དོན་བསླབ་བྱའི་དགོས་མཁོ་ཆེན་པོ་ཡིན་སྐོར་ཕྱི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚུགས་པའི་དགུ་བཅུ་གཅིག་གི་དོན་རྐྱེན་རྗེས་འཛམ་གླིང་ཆོས་ལུགས་ཁག་གི་ལྷན་ཚོགས་སུ་བཀའ་གནང་འདུག
ལྡི་ལིར་ཡོད་པའི་ཇཱ་མི་ཡ་མི་ལི་ཡ་ཨིསི་མི་ཡ་ཁ་ཆེའི་མཐོ་སློབ་ཁང་དང་ཀེ་ན་ཌའི་མེ་གིལ་མཐོ་རིམ་སློབ་གྲྭ་ཐོུང་ནས་གོ་བསྒྲིག་ཞུས་པའི་འཛམ་གླིང་ཆོས་ལུགས་ཀྱི་ལྷན་ཚོགས་འདིའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ཞིག་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་རང་སོ་སོས་ཉམས་ལེན་བྱེད་པའི་ཆོས་ལུགས་གང་ཞིག་ཡིན་མིན་ལ་མ་ལྟོས་པར་ཚང་མ་མའི་བརྩེ་བའི་འོག་ནས་ཚར་ལོངས་བྱུང་བའི་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོ་པ་མཚུངས་པ་ཤ་སྟག་ཡིན་སྟབས་རང་གཞན་རོགས་གསུམ་ཚང་མ་ཆོས་ལུགས་ཆེ་ཁག་གི་བསླབ་བྱའི་ནང་གསུངས་པའི་བྱམས་པ་དང་བརྩེ་བའི་ཡུལ་ཡིན་པ་བཀའ་གནང་པ་དང་དེང་སྐབས་ཕྱི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར་མང་པོ་ཞིག་གིས་འཛམ་གླིང་ནང་གི་དཀའ་རྙོག་མང་པོ་ཞིག་ཆོས་ལུགས་ཀྱི་བཟོ་བཞིན་ཡོད་ལུགས་བརྗོད་བཞིན་པ་དེ་ནི་ནོར་འཁྲུལ་ཡིན་པ་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཏེ་ཆོས་འདི་འཛམ་གླིང་ནང་གི་རྙོག་ཁྲ་བཟོ་མཁན་འབའ་ཞིག་ཡིན་པ་བདེན་པ་ཡིན་ཚེ་ང་ཚོས་ཆོས་སྤོང་ཐུབ་རྒྱུ་ཡིན་ན་ཡང་དངོས་ཡོད་གནས་ཚུལ་ནི་དེ་ལྟར་མ་ཡིན་པར་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་ཇི་ཙམ་ཕྱིན་ཡང་མིའི་སེམས་ཀྱི་ཞི་བདེ་འབྱིན་ཐུབ་ཐབས་མེད་པར་དེ་འདྲ་བའི་བདེ་བ་དེ་ཆོས་ལུགས་ཆེ་ཁག་གི་བསླབ་བྱའི་ནང་གསུངས་པའི་བྱམས་པ་དང་བརྩེ་བ་ཉམས་སུ་བླངས་པའི་ཐོག་ནས་མ་གཏོགས་ཡོང་ཐུབ་མེད་པ་དེ་ཡིན་པ་བཀའ་གནང་ཡོད་པ་རེད། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་བྱེ་བྲག་གང་ཞིག་ཉམས་སུ་བླངས་མཁན་གྱི་མིང་ཡོད་པའི་མི་བྱེ་བྲག་པ་འགའ་ཤས་ཀྱི་མ་རུང་པའི་བྱེད་ཕྱོགས་རྒྱུ་མཚན་དུ་བཀོད་དེ་ཆོས་ལུགས་དེ་དང་དེ་མ་རུང་པ་ཡིན་པ་བརྗོད་པ་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་བཀའ་གནང་འདུག