རྡ་སར་༸གོང་ས་མཆོག་ནས་གསུང་ཆོས།
2011.03.15
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ལེནདྲི་ནང་པའི་ཆོས་ཚོགས་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་༣པའི་ཚེས་༡༤ནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང༌། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་གསུང་ཆོས་བཀའ་དྲིན་སྩལ་བཞིན་ཡོད་པ་རེད། ༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་སྐབས། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་གཞུང་ཆེན་དེ་ཚོ་ནི། ཐེངས་གཅིག་ཉན་ནས་འཇོག་རྒྱུ་མ་ཡིན་པར། ཡང་ནས་ཡང་དུ་བསམ་དགོས་པ་དང་སྒོམ་དགོས་པ་ཞིག་ཡིན་དུས། ཐེངས་ཇི་ཙམ་ཐོས་ཀྱང་ད་དུང་འདོད་བློ་མ་ཚིམ་པ་བྱས་ཏེ་ཡང་ནས་ཡང་དུ་ཉམས་ལེན་བྱ་དགོས་པ་ཞིག་ཡིན་ཞེས་བཀའ་གནང་ཡོད་པ་རེད། ད་རེས་གསུང་ཆོས་སུ་ཐའེ་ལེནདྲི་དད་ལྡན་ནང་པ་ཆོས་ཞུ་བ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཁྱོན་མི་གྲངས་ཆིག་སྟོང་ལྷག་དང༌། བོད་མི་ཆོས་ཞུ་བ་བཅས་དྲུག་སྟོང་ལྷག་བཅར་ཡོད་པ་རེད།