༸གོང་ས་མཆོག་གིས་ཨ་རིའི་མཛད་འཆར་ལེགས་གྲུབ་གནང་བ།
2010.02.25
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་ཚེས་ཉི་ཤུ་བཞི་ཉིན་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་ནང་གི་ཨེཏ་ལེན་ཀྲིག་གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་སྟོང་ཕྲག་གསུམ་ལྷག་ཙམ་ལ་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་རྩ་བ་བྱམས་བརྩེ་དགོས་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་གསུང་བཤད་མ་གནང་བའི་གོང་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་མཆོག་གིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ད་རེས་གསུང་བཤད་ཀྱི་བརྗོད་གཞི་ནང་དོན་དངོས་སུ་ཕྱག་ལེན་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད་ཅེས་ངོ་སྤྲོད་ཞུས་གནང་ཡོད་པ་དང་དེ་ནས་རིམ་པས་༸གོང་ས་མཆོག་གིས། ༸གོང་ས་མཆོག་སྐུ་ཉིད་ནི་རྒྱ་གར་གྱི་བང་ཆེན་ལྟ་བུ་ཞིག་ཡིན་པ་དང་རྩ་བའི་ནང་པའི་ཆོས་དར་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་ཡིན་པ་མ་ཟད་རྒྱ་གར་རང་ཉིད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་བསྒྲིལ་བྱེད་རྒྱུ་དང་འཚེ་བ་མེད་པའི་ལམ་ལ་མཇུག་རྒྱུ་སོགས་དེ་སྔ་ནས་གོམས་སྲོལ་བཟང་པོ་ཡོད་མུས་ཡིན་པ་བཅས་ལ་བརྟེན་རྒྱ་གར་གྱི་བང་ཆེན་བྱེད་རྒྱུ་ནི་སྐུ་ངོས་ལ་སྤོབས་པ་སྐྱེས་གཞི་ཞིག་ཀྱང་ཡིན་ཞེས་རྒྱ་གར་ལ་ཆེ་བསྟོད་གནང་བ་དང་སྦྲགས་བྱམས་དང་སྙིང་རྗེའི་སྐོར་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཁ་སའི་མཛད་འཆར་ཁོངས་སུ་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་གི་འགན་འཛིན་དང་ཡང་མཇལ་འཕྲད་གནང་ཡོད་པ་མ་ཟད་ཁོང་ཚོས་བཅར་འདྲི་དང་ལན་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་པ་རེད།།