བོད་དང་རྒྱ་གར་གྱི་འབྲེལ་ལམ་ནི་དགེ་རྒན་དགེ་ཕྲུག་གི་འབྲེལ་བ།

༸གོང་ས་མཆོག་ནས་སྟོང་ལོ་གསར་པའི་ནང་གི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་བ།

2011.02.08

༄༅༎རྒྱ་གར་ལྷོ་ནུབ་ཀྱི་མངའ་སྡེ་གོ་ཨ་གཞུང་གིས་ཇི་ལྟར་གོ་སྒྲིག་གསོལ་འདེབས་ཞུ་དོན་ལྟར་ཁ་ས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྟོང་ལོ་གསར་པའི་ནང་གི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་པ་དང་ སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་ལྷ་ཁང་ཁག་གིནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་རིང་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་རིག་གཞུང་མཚོན་པའི་དགེ་དེབ་འཇོག་རྒྱུ་གལ་འགངས་ཆེ་བ་ཡིན་པའི་སྐོར་དང་ རྒྱ་གར་གྱི་དེང་དུས་ཆབ་སྲིད་མི་སྣ་ཚོར་བདག་ཉིད་ཆེན་པོ་གེན་རྡིའི་ལྟ་བུ་གཞན་གྱི་དོན་དུ་འཁུར་ཆེན་པོ་བཞེས་པའི་སྙིང་སྟོབས་ཀྱི་རྣམ་པ་དེ་མེད་པ་སོགས་བཀའ་གནང་འདུག་ལ་ ཡང་མང་ཚོགས་ལ་སྩལ་བའི་གསུང་བཤད་ཀྱི་ལས་རིམ་མཇུག་ཏུ་མང་ཚོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁོངས་སུ་ཉེ་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུ་དལམ་ཁག་གི་ནང་དཔལ་རྒྱལ་བ་ཀརྨ་པའི་གནད་དོན་མང་དག་ཅིག་བཀོད་སྤེལ་བྱུང་བ་དེས་བོད་པ་དང་རྒྱ་གར་གྱི་དབར་གྱི་འབྲེལ་བར་དོ་ཕོག་ཐེབས་ཡོད་མིན་སྐོར་དགོངས་སྐོར་ཞུས་པར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་ལྷག་གི་འབྲེལ་བ་གཏིང་གཟབ་ཅིག་ཡོད་པ་དེ་ཉེ་ཆར་གྱི་གནས་ཚུལ་དེ་རིགས་ཀྱི་དོ་ཕོག་ནམ་ཡང་ཐེབས་རྒྱུ་མིན་པར་གསུངས་པ་མ་ཟད་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་གར་གྱི་འབྲེལ་ལམ་འདི་ནི་དགེ་རྒན་དགེ་ཕྲུག་གི་ཐོུང་མ་ཡིན་པའི་འབྲེལ་ལམ་ཞིག་ཡིན་པ་དང་ ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཚོའི་ལུས་རྒྱ་མིའི་དབར་འོག་ཏུ་ཡོད་ན་ཡང་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གིས་ནང་བློ་གཏད་ས་དེ་རྒྱ་གར་ཡིན་པ་བཀའ་གནང་འདུག ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ཟུར་པ་འདས་པོ་མོ་ར་ཇི་རྡེ་སཡི་མཆོག་གིས་བོད་དང་རྒྱ་གར་ནི་ནང་ཆོས་ཀྱི་རྩ་བ་གཅིག་ནས་སྐྱེས་པའི་ཡལ་ག་མི་འདྲ་བ་གཉིས་ལྟ་བུ་ཡིན་པ་ཕྱག་བྲིས་ཤིག་གི་ནང་གསུངས་ཡོད་པ་བཀའ་གནང་འདུག

ཡང་རྒྱལ་བ་ཀརྨ་པའི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཤམ་འོག་ལས་བྱེད་པས་དངུལ་དམར་བདག་སྐྱོང་བྱེད་ཕྱོགས་ལ་ནོར་འཁྲུལ་བཏང་པ་ལས་བྱུང་བ་ཞིག་ཡིན་པ་ལས་ཆེ་ཛ་དྲག་ཆེ་བའི་གནས་ཚུལ་གང་ཡང་མིན་པ་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེར་འདུས་མི་དམངས་ཚོར་དེ་སྔོན་མི་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་ཀྱི་སྐུ་འདྲ་ཆེན་པོ་ཞིག་བཞེངས་རྒྱུའི་སྐོར་ཞུས་སྐབས་ ༸གོང་ས་མཆོག་ནས་སངས་རྒྱས་ཀྱི་སྐུ་འདྲས་གསུང་ནི་འབྱོན་རྒྱུ་མིན་པས་དེ་ལས་དཔེ་ཆ་མང་ཙམ་དཔང་བསྐྲུན་བྱེད་ཐུབ་ན་དགེ་མཚན་ཆེ་བ་ཡོད་པ་བཀའ་ལན་གནང་པའི་ལོ་རྒྱུས་གསུངས་པ་དང་སྦྲགས་ རྒྱ་གར་གྱི་ལྷ་ཁང་ཁག་གི་ནང་ལ་ཡང་རྒྱ་གར་གྱི་ཐོུང་མ་ཡིན་པའི་འཚེ་མེད་ཞི་བའི་རིག་གཞུང་སློབ་གཉེར་བྱ་རྒྱུ་དཔེ་མཛོད་ཁང་ལྟ་བུ་གསར་རྒྱག་ཐུབ་པ་འབྱུང་ཚེ་དེས་མང་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རིག་གཞུང་ལ་སློབ་གཉེར་བྱ་རྒྱུའི་འདུན་པ་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎