ཉི་ཧོང་གི་གོད་ཆགས་ཆེད་རྡ་སར་མཆོད་འབུལ་གསོལ་འདེབས།
2011.04.05
༄༅༎ཕྱི་ཟླ་གསུམ་པའི་ཚེས་༡༡ཉིན་ཉེ་ཧོང་དུ་ས་ཡོམ་དང་མཚོ་རླབས་ཀྱིས་གོད་ཆགས་ཚབས་ཆེན་ཕོག་པའི་དོན་རྐྱེན་བྱུང་མ་ཐག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཀྱི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐུགས་སྨོན་ཆོས་འབུལ་གསོལ་འདེབས་རྒྱ་ཆེ་ཞིག་མཛད་པ་དང་ དེ་རྗེས་ཉེ་ཧོང་གཞུང་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཚོན་དོན་དུ་ཉེ་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཉེ་ཧོང་རྒྱ་གྲམ་དམར་པོའི་ཚོགས་པ་བརྒྱུད་ཉེ་ཧོང་གི་སྒོར་མོ་ས་ཡ་བཅུའི་མཚོན་དོན་ཞལ་འདེབས་ཞིག་གསོལ་སྩལ་གནང་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཉེ་ཧོང་སྐུ་ཚབ་དོན་གཅོད་ཁང་གི་སྤེལ་གནས་ནང་འཁོད་འདུག།
གཞན་ཡང་ཉེ་ཧོང་དུ་གནས་སྡོད་བོད་མི་ཚོས་ཀྱང་བློས་བཅད་ཞལ་འདེབས་ཉེ་ཧོང་གི་སྒོར་མོ་བཞི་འབུམ་ཆིག་ཁྲི་ཉིས་སྟོང་ཐམ་པ་ཙམ་གནང་སོན་བྱུང་ཡོད་འདུག་ལ་ ལྷག་པར་དུ་ཉེ་ཧོང་གི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ ཉེ་ཧོང་གི་ས་གནས་འདྲ་མིན་གྱི་ནང་རྐྱེན་ངན་གོད་ཆགས་ཕོག་པ་ཚོའི་ཆེད་ཐུགས་སྨོན་གསོལ་འདེབས་དང་ དེ་བཞིན་རྒྱལ་ས་ཊོཀྱོ་དང་ ཡོ་ཀོ་ཧ་མ་གྲོང་ཁྱེར་གཉིས་སུ་ཡོད་པའི་ནང་པའི་དགོན་པ་གྲངས་༢༠༠༠ལྷག་གི་ནང་ཤེས་རབས་སྙིང་པོ་འདོན་བསྐུལ་ཞུས་པ་སོགས་ཀྱི་ལས་འགུལ་ཡང་སྤེལ་འདུག།
ཕྱི་ཟླ་གསུམ་པའི་ཚེས་༡༡གི་ས་ཡོམ་དང་ཆུ་ལོག་གི་དོན་རྐྱེན་འོག་ཉེ་ཧོང་བྱང་ཤར་ཁུལ་གྱི་གྲོང་ཁྱེར་གསུམ་ཙམ་རྩ་མེད་དུ་ཕྱིན་པ་དང་ མི་ཁྲི་ཚོ་འགའ་ཤས་ཀྱི་ཚེ་སྲོག་ཤོར་བ་ དེ་བཞིན་སྡོད་ཁང་དང་འཚོ་བའི་རྟེན་གཞི་བཅས་པར་ ད་བར་ཉེ་ཧོང་ལོ་རྒྱུས་ཀྱི་ནང་བྱུང་མྱོང་མེད་པའི་གོད་ཆགས་བསམ་ཡུལ་ལས་འདས་པ་ཞིག་བྱུང་བར་མ་ཟད་ རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་༦ནས་༣ལ་སྐྱོན་ཆགས་བྱུང་སྟེ་རྡུལ་ཕྲན་གྱི་དུག་རླངས་ཁྱབ་གདལ་འགྲོ་བཞིན་པའི་ཉེན་ཁའི་གནས་ཚུལ་ད་དུང་ཡང་མུ་འཐུད་གནས་མུས་ཡིན་པ་རེད།