༸གོང་ས་མཆོག་གི་རྟ་དབང་ཁུལ་གྱི་མཛད་འཆར་ལེགས་གྲུབ།
2009.11.12
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བརྒྱད་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་གི་མོན་རྟ་དབང་ཁུལ་ཞབས་སོར་འཁོད་གནང་ནས་ཁུལ་དེར་ཉིན་གྲངས་བཞིའི་རིང་མཛད་འཕྲིན་བསྐྱངས་གནང་ཡོད་པ་རེད།
ཁུལ་དེར་རྟེན་འབྲེལ་བསྟོད་པའི་གསུངས་ཆོས་བཀྲིན་བསྩལ་གནང་བ་དང་སྨན་ཁང་ཞིག་དབུ་འབྱེད་གནང་བ་དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་མཆོག་གི་འཁྲུངས་ཁང་དུ་ཕེབས་པ། དེ་དང་ཕྱོགས་མཚུངས་སློབ་གཉེར་ཁང་ཞིག་ཏུ་གཟིགས་བསྐོར་ཕེབས་པ་སོགས་ཀྱི་མཛད་འཆར་གྲུབ་གནང་བའི་རྗེས་སུ་དེ་རིང་རེས་གཟའ་ཕུར་བུའི་ཉིན་རྡི་རང་ཁུལ་ཆིབས་ཁ་བསྒྱུར་གནང་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་ཆོས་འབྲེལ་གནང་རྒྱུན་རིང་མངའ་སྡེའི་ཡུལ་མི་སྟོང་ཕྲག་མང་པོས་ས་ཐག་རིང་པོ་ནས་དཀའ་ངལ་འཛེམས་མེད་ཀྱིས་༸གོང་ས་མཆོག་གི་ཞལ་མཇལ་གསུངས་ཐོས་པར་དགའ་ཚོར་ཆེན་པོ་བྱས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མི་མང་ཚོར་སོ་སོའི་ཆོས་དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་ཐུབ་པ་བྱེད་དགོས་རྒྱུ་དང་ལྷག་པར་དུ་ནང་པ་ཡིན་ཟེར་བ་གཅིག་པུ་མ་ཡིན་པར་ནང་པའི་ལྟ་གྲུབ་གོ་རྟོག་ཐུབ་རྒྱུར་ནང་ཆོས་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་སློབ་སྩལ་གནང་ཡོད་པ་རེད། ད་རེས་མོན་རྟ་དབང་ཁུལ་ཆེད་བཅར་ཞུས་པའི་མོན་པ་བ་ཚེ་རིང་ཞེས་པ་ཞིག་ལ་གསར་འགོད་པས་བསམ་ཚུལ་འདྲི་བརྩད་བྱས་པའི་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་རྟ་དབང་ནས་ཆིབས་ཞལ་སྒྱུར་བར་བློ་ཕམ་པོ་འདུག ཡིན་ནའང་ད་རེས་ཁོང་ཞལ་མཇལ་བས་མ་ཟད་ཁོང་གི་གསུངས་ཆོས་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་དགའ་པོ་དང་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།