༸གོང་ས་མཆོག་གི་སྐུའི་སྨན་བཅོས་ལེགས་པར་གྲུབ་པ།
2008.10.16
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་དྭངས་སྐྱེས་སུ་གྱུར་ཏེ་དེ་རིང་ཞོག་པ་སྨན་ཁང་ནས་དགོངས་འཁྲོལ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཕྲན་བུ་བདེ་མིན་གྱི་གནས་ཚུལ་བྱུང་སྟེ་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བའི་མཐར་བདུན་ཕྲག་སྔོན་མར་སྐུའི་མཁྲིས་རྡོའི་སྨན་བཅོས་ལེགས་པར་གྲུབ་ནས་དགུང་ཞག་ཁག་ཤས་རིང་སྨན་བཅོས་གནང་ཡུལ་རྒྱ་གར་རྒྱལ་ས་ལྡི་ལིའི་གང་ག་རམ་སྨན་ཁང་དུ་སྐུ་ངལ་གསོས་པའི་རྗེས་དེ་རིང་ཞོག་པ་སྨན་ཁང་ནས་དགོངས་འཁྲོལ་གྱིས་གྲོང་ཁྱེར་དེའི་ནང་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་ཡོད་པའི་ཟིམ་ཤག་ཏུ་སྤོ་བཞུགས་གནང་ཡོད་འདུག དེ་ཡང་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་བར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ཆ་སྨན་ཁང་ནས་དགོངས་འཁྲོལ་ཐོབ་སྟེ་གོང་ཞུས་བོད་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་དགུང་ཞ ཁག་ཤས་རིང་སྐུ་ངལ་གསོ་པའི་རྗེས་རྒྱུན་ལྡན་གྱི་མཛད་འཕྲིན་ཁག་མུ་མཐུད་བསྐྱང་རྒྱུར་སྨན་པའི་ཆོག་མཆན་གནང་ཡོད་པ་དང་དེ་དག་གི་ཁོངས་སུ་ཟླ་བ་འདིའི་ཟླ་མཇུག་མཚམས་སུ་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པའི་འགྲེལ་བརྗོད་གནང་འདུག་པ་དང་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་ཕེབས་འབྱོར་སྐབས་དེར་ཡོད་པའི་སློབ་ཕྲུག་དགེ་ལས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག