༸གོང་ས་མཆོག་དབུ་བཞུགས་ཐོག་མྱ་ངན་མཆོད་འབུལ་གནང་བ།
2012.03.03
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉིན་ཤས་སྔོན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་སོག་པོའི་ནང་པ་དང་བོད་ཀྱི་ཇོ་ནང་ཆོས་བརྒྱུད་ཀྱི་དབུ་བླ་ཁལ་ཁ་རྗེ་བཙུན་དམ་པ་སྐྱབས་རྗེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་གཟབ་རྒྱས་ཤིག་ཚུགས་གནང་ཡོད་པ་རེད།
ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་མཆོག་བོད་ཟླ་ ༡ ཚེས་ ༨ དང་ ཕྱི་ཟླ་ ༣ ཚེས་ ༡ ཉིན་དགོངས་པ་རྫོགས་ཡོད་ཅིང༌། དེ་རིང་རྡ་རམ་ས་ལར་ཚུགས་པའི་དགོངས་རྫོགས་མཆོད་འབུལ་དེ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
མཆོད་འབུལ་དེའི་ཐོག་རྣམ་གྲྭ་མཁན་ལས་ཟུར་རྣམ་པ་དབུས་པའི་རིས་མེད་དགེ་འདུན་གྱི་སྡེ་དང་ བོད་མིའི་སྒྲིག་འཛུག་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡང་ཆེད་ཕེབས་གནང་ཡོད་པ་རེད།
དཔལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དགོངས་རྫོགས་མཆོད་འབུལ་ཐོག་བསྩལ་བའི་སྐྱབས་ཞུའི་ནང། འདུལ་བྱ་རྟག་འཛིན་རྣམ་ཆོས་ལ་བསྐུལ་བའི་ཆེད་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ནི། ༸རྒྱལ་བསྟན་རིས་མེད་ལ་ཐུགས་དད་ཆེ་བ་དང་། ཉམས་བཞེས་མཛད་པ། རང་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བསྟན་འགྲོར་སྨན་པའི་ཐུགས་འཁུར་ཟབ་བཞེས་གནང་བ། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོར་ཐུགས་དད་རྩེ་གཅིག་གཡོ་བ་མེད་པ་ཅི་གསུང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད་པ་དང་། རང་ཅག་བོད་མི་རིགས་ཀྱི་བདེན་དོན་ལ་ཐུགས་ཁུར་ཆེ་བཞེས་མཛད་མཁན་བཅས་ཡིན་པས་བཀའ་དྲིན་ཅུང་ཟད་གསོབ་ཕྱིར་དང་། གང་གི་ཐུགས་དགོངས་ཟབ་མོ་རྫོགས་ཕྱིར་ད་ལམ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་འབུལ་གོ་སྒྲིགས་ཞུས་པ་ཞིག་ཡིན་པ་འཁོད་ཡོད་པར་མ་ཟད། གང་གི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་རིང་པོར་མི་ཐོགས་པར་མྱུར་དུ་བྱོན་ཞིང་། སྤྱི་སྒོས་བསྟན་འགྲོའི་སྨན་ཡོན་དམ་པར་འགྱུར་བའི་ཐུགས་སྨོན་སྐྱབས་འཇུག་ཡོང་བ་ཅེས་འཁོད་འདུག།
ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཐོག་དགུ་པ་སྐྱབས་རྗེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་སོག་ཡུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད་པ་དང༌། ད་ལྟ་ཐུགས་དམ་ངང་བཞུགས་ཡོད་འདུག་ཅིང༌། ཐུགས་དམ་གྲོལ་རྗེས་སོག་པོའི་རྒྱལ་ཁབ་ནས་དགོངས་རྫོགས་མཆོད་འབུལ་ལ་སོགས་པ་གཞུང་འབྲེལ་གྱི་ལས་དོན་ཁག་གཉེར་རྒྱུ་ཡིན་འདུག།
གནས་ཚུལ་གོ་ཐོས་ལ་གཞིགས་ཚེ། དེ་རིང་ཨུ་རུསུའི་མངའ་དབང་ཡོད་པ་སོག་རིགས་ཁལ་མུཀ་ཀི་ཡའི་ནང་པའི་དབུ་འཁྲིད་ཏེ་ལོ་རིན་པོ་ཆེ་མཆོག་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེའི་སྐུ་གདུང་མཇལ་ཞུ་དང་གུ་འདུད་ཆེད་ཕེབས་འབྱོར་བྱུང་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཚབ་ཏུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རིང་མིན་སོག་ཡུལ་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག།