༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་མཇལ་འཕྲད།
2011.05.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཀྲེཀ་ས་སེའི་གྲོང་ཁྱེར་ཌེ་ལ་སེ་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཇོཇ་ཌབ་ལུ་སྦུཤ་George W.Bush མཆོག་དང་ལྷན་དུ་མཇལ་འཕྲད་གནང་འདུག།
ཁ་ས་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཟུར་པ་ལྕམ་པོའུ་ལ་ཌོ་སྦི་རིན་སི་ཀི་Paula Dobriansky དང་ལྷན་དུ་མཇལ་འཛོམས་གྲུབ་པའི་རྗེས་སྲིད་འཛིན་ཟུར་པ་ཇོཇ་ཌབ་ལུ་སྦུཤ་དང་ལྕམ་ལོའོ་ར་སྦུཤ་རྣམ་གཉིས་ཀྱི་གཟིམ་ཤག་ཏུ་ཆིབས་བསྒྱུར་གནང་ནས་ཕྱག་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་ཡོད་པར་ སྲིད་འཛིན་ཟུར་པ་སྦུཤ་མཆོག་གིས་མཉེས་ཚོར་ཆེན་པོ་གནང་ཡོད་པ་དང༌། ༧གོང་ས་མཆོག་ནས་ཀྱང་རྗེས་སུ་ཉིན་དགུང་གསོལ་སྟོན་སྐབས་སྦུཤ་ལ་ཐུགས་བརྩེ་ཆེན་པོས་སྙིང་ནས་བརྩེ་བའི་གྲོགས་པོ་ཞེས་གསུངས་གནང་མཛད་དེ་སྦུཤ་བསྐྱར་དུ་མཇལ་རྒྱུར་ངང་སྒུག་ཆེན་པོ་གནང་ཡོད་སྐོར་བཀའ་གནང་འདུག།
སྲིད་འཛིན་ཟུར་པ་སྦུཤ་ཡི་ཞུགས་གནས་སུ་ཕེབས་གྲུབ་པའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཕྱོགས་མེ་ཐོ་ཌིསཏ་Methodistགཙུག་ལག་སློབ་གྲྭ་ཆེན་མོའི་མེ་ཌོ་སེ་Meadowsའགྲེམས་སྟོན་ཁང་དུ་དམངས་གཙོའི་བརྗོད་གཞིའི་སྐོར་ཇོཇ་ཌབ་ལུ་སྦུཤ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཇིམ་གེ་ལེསི་མེན་ཡིས་དམངས་གཙོའི་བརྗོད་གཞིའི་སྐོར་བཀའ་འདྲི་དགོངས་བསྐོར་ཞུས་ཡོད་ཅིང༌། ༧གོང་ས་མཆོག་གིས་དམངས་གཙོའི་ལམ་སྲོལ་ཐོག་གི་དགོངས་ཚུལ་སྤྱི་དང༌། བོད་པའི་དམངས་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་སྐོར་བཀའ་འགྲེལ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྦུཤ་མཆོག་ལ་ ༡༩༦༣ལོར་༧གོང་ས་མཆོག་གིས་བཅོས་སྒྲིག་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཡིག་ཆའི་མ་དཔེ་ཞིག་ཕུལ་གནང་ཡོད་པ་དེ་བཞིན་ ཇོཇ་ཌབ་ལུ་སྦུཤ་སློབ་གཉེར་ཁང་གི་རང་དབང་འགྲེམས་སྟོན་གྱི་ཁུངས་སུ་འཇོག་གནང་རྒྱུ་ཡིན་པ་དང༌། སྦུཤ་ལྟེ་གནས་ཁང་གིས་བོད་ཡིག་ཐོག་ཡོད་པའི་༡༩༦༣ལོའི་མ་འོངས་བོད་ཀྱི་བཅའ་ཁྲིམས་ཟིན་བྲིས་སྐོར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་འདུག།
༧གོང་ས་མཆོག་གི་ཀྲེཀ་ས་སེ་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཁ་ས་ཨར་ཀན་སའ་Arkansas མངའ་སྡེའི་ནང་ཞབས་སོར་འཁོད་ཡོད་པ་དང༌། ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་ལས་ཡོངས་ནས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག་ལ། དེ་རིང་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་༧གོང་ས་མཆོག་གི་མཛད་འཆར་ཆེ་ཁག་གཉིས་ཡོད་པ་རེད།