༸གོང་ས་མཆོག་ནས་བོད་མི་ཆེད་ལས་པར་བཀའ་སློབ།
2009.09.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རིགས་ཆེད་ལས་པ་ཁག་གཅིག་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་བཀོད་པར་གཞིགས་ན་ཉེ་སྔོན་ཚེས་དྲུག་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་ཊའཇེ་མེ་ཧེལ་མགྲོན་ཁང་དུ་བཞུགས་བཞག་སྐབས་བཙན་བྱོལ་བོད་གཞུང་གི་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁང་དང་ཡང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མདུན་བཟང་ལམ་སྟོན་ལས་རིམ་ཞེས་པའི་གཞུང་མ་ཡིན་པའི་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་ལྡི་ལིར་རྟེན་གཞི་བྱས་པའི་བོད་རིགས་ཁྲིམས་རྩོད་པ་དང་སྨན་པ་ འགན་འཛིན་ ཚོང་པ་སོགས་ཆེད་ལས་མི་སྣ་བཞི་བཅུ་སྐོར་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་ཆེད་ལས་པའི་ལས་དོན་འཐུས་ཚང་གྲུབ་ཕྱོགས་སྐོར་བཀའ་སློབ་སྩལ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་བོད་མི་ཞིག་ཡིན་པའི་ཆ་ནས་ཆེད་ལས་ཀྱི་ལས་རིགས་ག་འདྲ་ཡིན་རུང་བོད་མིའི་ངོ་བོ་མཚོན་རྒྱུའི་འགན་འཁྲི་ཡོད་པ་རེད། བོད་མི་རིགས་དེ་དྲང་པོ་དང་ཡིད་ཆེས་བློས་འགེལ་ཐུབ་པའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཁྱེད་ཚང་མས་དེ་བདག་གཅེས་ཐུབ་པ་དགོས་རྒྱུ་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། དེ་བཞིན་ཡང་བཀའ་བློན་ཁྲི་པ་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་ཚད་ལྡན་གྱི་ཆེད་ལས་པ་དགོས་ངེས་ཆེ་བ་དང་ལས་རིགས་ག་འདྲ་ཞིག་ཐོག་ཤར་བསྐྱོད་ཀྱི་འདེམས་ཀའི་ཐག་གཅོད་བྱེད་སྐབས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་མ་ཡིན་པར་སྤྱི་ཚོགས་ཀྱི་དགོས་ངེས་ལ་གཞིགས་པའི་ལས་རིགས་ཀྱི་འདེམས་ཀའི་ཐག་གཅོད་བྱས་ཚེ་ཕན་རླབས་ཆེ་བ་ཡོང་རྒྱུ་ཡིན་པའི་སྐོར་ལམ་སྟོན་གནང་ཡོད་པ་རེད༎