༸གོང་ས་མཆོག་གིས་ཧི་མ་ལ་ཡའི་ཁུལ་གྱི་མི་སྣ་མཇལ་འཕྲད།
2009.05.06
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ས་ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་མང་ཁག་ཅིག་དང་དེ་བཞིན་ལྔ་དགུའི་ལོའི་གོང་བོད་ནང་ཕེབས་མཁན་གྱི་ཕྱི་རྒྱལ་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཚེས་ལྔའི་སྔ་དྲོ་ཨ་རིའི་ནང་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་པ་དང་རྟ་མང་།ཡོལ་མོ་སོགས་དང་དེ་བཞིན་འབྲུག་པ་དང་བོད་རིགས།སོག་རིགས་སོགས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ཞིག་དང་མཇལ་འཕྲད་གནང་ཡོད་པ་རེད། གོང་ཞུས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་པའི་མི་སྣ་དང་མཇལ་འཕྲད་གནང་བའི་སྐབས་ཤར་པའི་སྐུ་ཚབ་ཤར་པ་བསོད་ནམས་ལགས་ཀྱིས་ཤར་པའི་ངོས་ནས་ནིའུ་ཡོག་ནང་བཅའ་ཞུགས་བོད་ཀྱི་དོན་གཅོད་ཁང་དང་འབྲེལ་བ་ཞུས་སྟེ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་ནང་ཆོས་སོགས་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཁག་གི་ཐོག་གོ་བསྡུར་གནང་བཞིན་ཡོད་ཅེས་ལྷན་ཚོགས་དེའི་ཐོག་སྙན་སྒྲོན་ཞུས་ཡོད་པ་རེད། ཡང་ཁ་སའི་ལྷན་འཛོམས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེར་ཡོད་མི་མང་ཚོར་དོན་ཚན་གསུམ་གྱི་ཐོག་ནས་བཀའ་སློབ་གནང་བར་གཞིགས་ན་དོན་ཚན་དང་པོ་ནི་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་སེལ་ཐབས་བྱེད་རྒྱུ་དེ་ནི་ཕྱིའི་དཔལ་འབྱོར་ཁོ་ནས་དཀའ་ངལ་སེལ་ཐུབ་རྒྱུ་མིན་པར་ནང་སེམས་ཀྱི་བྱམས་སྙིང་རྗེའི་ཐོག་ནས་དཀའ་ངལ་སེལ་དགོས་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད། དོན་ཚན་གཉིས་པ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་བོད་པའི་ནང་ཆོས་ཐོག་དོ་སྣང་སླར་སྐྱེས་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད། དོན་ཚན་གསུམ་པ་དེ་ནི་བོད་པའི་ནང་ཆོས་དངོས་སུ་གསལ་པོ་མཁྱེན་འདོད་ཡོད་པ་ཡིན་ན་བོད་ཀྱི་སྐད་ཡིག་དེ་ཤེས་ཐུབ་པ་གནང་དགོས་ཡས་དེ་གལ་འགངས་ཆེན་པོ་ཡིན་ལུགས་བཅས་དོན་ཚན་གསུམ་བགོས་ཀྱི་ཐོག་ནས་བཀའ་སློབ་གནང་ཡོད་པ་རེད། དེ་རྗེས་༸གོང་ས་མཆོག་ནས་དེ་སྔ་ཕྱི་ལོ་༡༩༥༩ལོའི་གོང་བོད་ནང་ཕེབས་མཁན་ཨ་མི་རི་ཀ་དང་ཁེ་ན་ཌའི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ་༡༩༥༩འི་གོང་བོད་ནང་གི་གནས་སྟངས་གང་འདྲ་ཞིག་ཡོད་མིན་གྱི་གནས་ཚུལ་ཐོག་དཔང་རྟགས་གནང་མཁན་ཁྱེད་རྣམ་པ་རེད་ལ་ང་ཡང་ཡིན་ཞེས་བཀའ་གནང་ཡོད་པ་རེད། དེ་ག་ནང་བཞིན་༸གོང་ས་མཆོག་ནས་དེར་མཇལ་འཕྲད་བཅར་མཁན་གྱི་མི་སྣ་ཚོའི་འདྲི་བར་རིམ་བཞིན་བཀའ་ལན་གནང་བ་དང་སྦྲགས་དེང་སྐབས་བོད་རྒྱའི་འབྲེལ་བའི་གནས་སྟངས་སྐོར་གསལ་སྟོན་གནང་ཡོད་པ་རེད།