ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་འདུ།
2009.04.06
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་གནང་འདུག
ཁ་ས་རེས་གཟའ་ཟླ་བ་ཕྱི་ཚེས་དྲུག་ཉིན་བཞུགས་སྒར་རྡ་རམ་ས་ལར་ནང་ཆོས་དང་ཚན་རིག་དབར་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་དེ་བཞིན་དབུ་བཙུགས་གནང་ཡོད་པ་དང་ཁ་སའི་ཚོགས་འདུའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་ཡོད་འདུག ཉིན་གྲངས་ལྔའི་རིང་ཚོགས་གནང་རྒྱུའི་ཚོགས་འདུ་འདིའི་ཐོག་ནུབ་ཕྱོགས་པའི་ཚན་རིག་མཁས་དབང་ཁག་ཅིག་དང་༸གོང་ས་མཆོག་གི་དབུས་པའི་ནང་ཆོས་མཁས་དབང་ཁག་ཅིག་དབར་ནང་ཆོས་ཀྱི་རྒྱུན་སྲོལ་གྱི་སེམས་ཁམས་རིག་པའི་འགྲོ་ལུགས་དང་ཚན་རིག་ཐོག་ནས་ཞིབ་མཇུག་བྱེད་པ་བརྒྱུད་འབྲེལ་མཐུད་བྱ་རྒྱུ་སོགས་ཀྱི་སྐོར་ད་བར་ཉམས་ཞིབ་གནང་བའི་ལས་དོན་རྣམས་ཀྱི་ཐོག་བགྲོ་གླེང་དང་མ་འོངས་པར་མཉམ་རུབ་ཀྱི་ཐོག་ནས་གནང་འཆར་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག
འདི་ལྟབུའི་བགྲོ་གླེང་ཚོགས་འདུ་འདི་བཞིན་ཐོག་མར་ཕྱི་ལོ་༡༩༨༧ལོར་བཞུགས་སྒར་རྡ་རམ་ས་ལར་འགོ་བཙུགས་གནང་བ་དང་དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགོངས་ཆེ་བཞེས་ཀྱིས་མུ་མཐུད་མཇུག་སྐྱོང་གནང་བ་ཞིག་ཡིན་འདུག་ལ་འདས་པའི་ལོ་ཤས་ནས་བཟུང་ནང་ཆོས་ཐོག་ནུབ་ཕྱོགས་ཚན་རིག་པ་ཚོས་དམིགས་བསལ་དོ་སྣང་ཇེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད༎