༸གོང་ས་མཆོག་ནས་རྒྱ་གར་གྱི་ཆོས་ལུགས་ལ་བསྔགས་བརྗོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་གོམས་སྲོལ་ལ་བསྔགས་བརྗོད་གནང་ཡོད་འདུག

2010.03.18

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་གོམས་སྲོལ་ལ་བསྔགས་བརྗོད་གནང་ཡོད་འདུག

བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བཅུ་བདུན་ཉིན་རྒྱ་གར་དབུས་མ་རྡི་ཡ་པར་རྡི་ཤེའི་མངའ་སྡེའི་གྲོང་ཁྱེར་བོའོ་པལ་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཀུན་ཁྱབ་འགན་འཁུར་གྱི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་འདུག ཚོགས་འདུ་གོ་བསྒྲིགས་ཞུ་མཁན་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཡིན་པ་དང་། སྐུ་མགྲོན་གཙོ་བོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཡིན་པ་མ་ཟད་ཚོགས་འདུའི་ཐོག་མངའ་སྡེའི་སྲིད་སྐྱོང་ཡང་ཕེབས་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐུན་མོང་མིན་པའི་མིའི་རིགས་ཀྱི་ཁྱད་ཆོས་བྱམས་པ་དང་བརྩེ་བ། ཀུན་ཁྱབ་མཛའ་གྲོགས་ཀྱི་འདུ་ཤེས་དེ་དག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གཙོ་བོ་དེ་ཡིན་སྐོར་བཀའ་སྩལ་གནང་དོན། བྱམས་པ་དང་བརྩེ་བ། ཀུན་ལ་ཁྱབ་པའི་མཛའ་གྲོགས་ཀྱི་འདུ་ཤེས་དེ་དག་གིས་སྤྱི་ཚོགས་རྣམ་དཔྱོད་ལྡན་པ་ཞིག་ཡོང་བ་དང་། དབུལ་ཕོངས་དང་། མི་རིགས་དབྱེ་འབྱེད། ཆོས་ལུགས་འདྲ་མཉམ་མིན་པའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་དག་ལ་བརྟེན་ནས་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་བྱེད་ཐུབ། བྱམས་པ་དང་བརྩེ་བ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དེ་ཡིན། དཔལ་འབྱོར་དང་རྒྱུ་དངོས་པོ་གཅིག་པུས་མི་ཚེའི་ནང་བདེ་སྐྱིད་སྐྲུན་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་འདུག

དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས། རྒྱ་གར་ནང་མི་རིགས་དང་ཆོས་ལུགས་རིས་མེད་ཀྱི་རྒྱུན་སྲོལ་རྙིང་པ་ཡོད་པ་དེར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་རྒྱ་གར་ནང་དབུལ་ཕོངས་ཉམ་ཐག་ཚོའི་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་ལུགས་ཀྱང་གསུངས་ཡོད་པ་རེད།

ཡང་མངའ་སྡེའི་སྲིད་སྐྱོང་མཆོག་གིས། ༸གོང་ས་ཏ་ལའི་བླ་མ་མཆོག་ནི་དེང་སང་གི་དུས་ཚོད་འདིར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྩོད་ལེན་གནང་མཁན་གཙོ་བོའི་གྲས་ཤིག་ཡིན་ལུགས་གསུངས་འདུག། དེ་དང་ཕྱོགས་མཚུངས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གནའ་སྔ་མོ་ནས་རྒྱ་གར་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་དེ་གལ་འགངས་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་རེད་ལ་ཁོང་གི་སྲིད་གཞུང་ནས་ཀྱང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་མི་འགྲོ་བ་གཙོ་དོན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎