རྒྱ་ནག་ནང་ས་ཡོམ་ཕོག་མི་ཚོར་༸གོང་ས་མཆོག་ནས་ཐུགས་སྨོན་གནང་བ།
2008.05.13
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་འགུལ་ཚད་ཤུགས་ཆེ་བརྒྱབ་པའི་འོག་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་མི་དམངས་ཚོར་ཧ་ཅང་གི་ཐུགས་ཕམ་ཆེན་པོ་བྱུང་བའི་ཐུགས་གསོའི་གསུང་འཕྲིན་ཞིག་གནང་ཡོད་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་སྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་ལ་ད་རེས་རྒྱ་ནག་ནང་ས་ཡོམ་འགུལ་ཚད་ཤུགས་ཆེ་རྒྱབ་པའི་གནོད་འཚེའི་འོག་གོད་ཆགས་ཚབས་ཆེ་ཕོག་པའི་མི་དམངས་དང་དེ་དག་གི་ནང་མི་རྣམས་ལ་སེམས་ཚོར་དྲག་པོའི་སྒོ་ནས་གདུང་སེམས་ཉམས་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཡོད་ཅེས་གསུང་པ་མ་ཟད། འབྱུང་བའི་གནོད་འཚེ་དེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་རྒྱ་ཆེ་ཡོད་ཅེས་གསུང་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་འགུལ་ཚད་༧་༨ བརྒྱབ་ཏེ་དེ་རིང་རྒྱ་ནག་གི་སྤྱི་ཚོགས་ལས་དོན་ཁང་གི་གནོད་འཚེ་རོགས་སྐྱོར་ཚན་པའི་འགན་འཛིན་ ཝང་ཀྲེན་ཡའོ་ ཡིས་དེ་རིང་བར་མི་གྲངས་ཆིག་ཁྲི་གཉིས་སྟོང་ཙམ་རྐྱེན་འདས་ཕྱིན་ཡོད་པའི་སྡོམས་རྩིས་བཏོན་ཡོད་པ་དང་ད་དུང་ཉུང་མཐར་ས་འོག་ཏུ་མི་གྲངས་ལྔ་སྟོང་ཙམ་ཚུད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།