འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་མཁན་དབུ་ཁྲིད་ཀྱི་བྱ་དགའ།

༸གོང་ས་མཆོག་ལ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཤར་ཞི་བདེ་རྒྱ་མཚོའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ལྷན་ཚོགས་ཀྱིས་བྱ་དགའ་ཕུལ་འདུག

2008.08.05

༄༅༎ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ལོ་སེ་ཨེན་ཇེ་ལེ་སི་ནང་ལ་རྟེན་གཞི་བྱས་པའི་ཤར་ཞི་བདེ་རྒྱ་མཚོའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་དབུ་ཁྲིད་ཞུ་བའི་བྱ་དགའ་ཞིག་སྤྱི་ཟླ་༨པའི་ཚེས་༢ཉིན་ཕུལ་ཡོད་པ་རེད་

ཤར་ཞི་བདེ་རྒྱ་མཚོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་དབུ་ཁྲིད་ཞུ་བའི་བྱ་དགའ་དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་གྲགས་ཅན་བ་ལྦེ་ཅེང་ཧྲིན་གཙོས་པའི་གྲགས་ཅན་མི་སྣ་ ༦ ལ་ཕུལ་ཡོད་པ་རེད། ཡིན་ནའང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱ་དགའ་བཞེས་པར་ཆིབས་བསྒྱུར་གནང་ཐུབ་མེད་ཀྱང་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་རྒྱུད་ལོ་སེ་ཨེན་ཇེ་ལེ་སི་ནང་ཡོད་པའི་དེ་སྔོན་བཙན་བྱོལ་བོད་གཞུང་གི་བདེ་སྲུང་གི་བཀའ་བློན་བཀའ་ཟུར་པད་མ་ཆོས་འབྱོར་ལགས་སུ་བྱ་དགའ་དེ་བཞེས་པར་ཕེབས་དགོས་པའི་བཀའ་ཕེབས་ཡོད་པ་ལྟར་བཀའ་ཟུར་པད་མ་ཆོས་འབྱོར་ལགས་དང་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་མི་དམངས་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་གཙོས་པའི་གནད་ཡོད་བོད་མི་ ༡༡ ཕེབས་ཡོད་པ་རེད། ད་རེས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་བྱ་དགའ་དེ་གལ་འགངས་ཆེན་པོ་ཇི་ཡིན་སྐོར་བདེ་སྲུང་བཀའ་ཟུར་པད་མ་ཆོས་འབྱོར་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ། ད་རེས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་དབུ་ཁྲིད་ཞུ་བའི་བྱ་དགའ་ཕུལ་བའི་མཛད་སྒོ་དེའི་ཐོག་ཨ་རི་དང་ཡོ་རོབ། དེ་བཞིན་ཨེ་ཤི་ཡ་ཁུལ་བཅས་ནས་གནད་ཡོད་རྒྱ་མི་རིགས་ལྔ་བརྒྱ་ལྷག་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་དང༌། ད་རེས་ཀྱི་རྒྱ་མི་རིགས་ ༥༠༠ ལྷག་ཙམ་ཞིག་མཉམ་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱ་དགའ་ཕུལ་བ་དེ་ནི་༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ཐབས་ལམ་ལ་ངོས་འཛིན་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱ་ནག་མི་དམངས་མང་ཆེ་བའི་རྒྱབ་སྐྱོར་ཡོད་པའི་རྣམ་པར་ཞིག་མཚོན་གྱི་ཡོད་པ་མ་ཟད་ཉེ་ཆར་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུས་པ་དང་བོད་མི་དང་རྒྱ་མི་རིགས་གཉིས་བར་ལ་འགལ་ཟླའི་གཏམ་བཤད་མང་པོ་སྤེལ་བ་དེར་ལན་འདེབས་ཞིག་ཡིན་པ་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎