༧གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བ།
2011.05.05
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་བཞེས་མཛད་པའི་གནས་ཚུལ་ཐོན་འདུག་༎
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་ཨ་རིའི་ལྷོ་ཀེ་ལི་ཕོར་ནི་ཡ་ས་གནས་ལོང་སྦིཆ་ཁུལ་དུ་མཛད་འཕྲིན་སྐྱོང་གནང་མཛད་བཞིན་ཡོད་པ་རེད་ ཁ་ས་ཚེས་༤ཉིན་ གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་མངའ་སྡེའི་གཙུག་ལག་སློབ་གྲ་ཆེན་མོའི་སྒྱུ་རྩལ་ལྟེ་གནས་ཁང་དུ་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྒྲིགས་འཛུགས་དབུ་བརྙེས་ཏེ་ ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོའི་ཐོག་༸གོང་ས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ ༸གོང་ས་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཕུལ་ཡོད་པ་རེད་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགན་འཛིན་སྐུ་ཞབས་ལེ་རི་ཀོཀ་སི་གིིས་༸གོང་ས་ཏ་ལའི་བླ་མ་མཆོག་ནས་ལོ་ངོ་ལྔ་བཅུ་ཙམ་རིང་སྐུ་ངལ་འཛེམས་མེད་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཞི་བའི་ལམ་ནས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མཛད་རྗེས་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ རྗེས་སུ་ཡིརངས་ཀྱི་ཆེ་བསྟོད་ཞུ་ཆེད་བྱ་དགའ་ཕུལ་བའི་སྐོར་ངོ་སྤྲོད་གསུངས་བཤད་གནང་འདུག དེ་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱ་དགའ་བཞེས་གནང་མཛད་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆེ་ཙམ་དགོས་པ་ཙམ་མ་ཟད་ བོད་ནང་རང་དབང་དགོས་པ་དང་ ཆོས་ལུགས་ཕན་ཚུན་དབར་བཟོད་སྲན་དགོས་གལ་ཆེ་བ་བཅས་ཀྱི་སྐོར་ནན་སྐུལ་གྱི་གསུང་བཤད་བསྩལ་འདུག དངོས་གཞིའི་མཛད་སྒོའི་གསུངས་བཤད་གྲུབ་མཚམས་༸གོང་ས་མཆོག་ནས་ཚོགས་བཅར་བའི་འདྲི་བར་བཀའ་ལན་བསྩལ་གནང་མཛད་པ་དང་ འདྲི་བའི་བཀའ་ལན་ཁོངས་སུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ མི་རེ་བཟུང་གི་བྱ་སྤྱོད་ལ་བརྟེན་ནས་ ཁ་ཆེའི་ཆོས་དད་པ་ཡིན་ཆད་ལ་ སྡུག་ཕྱོགས་ཀྱི་ལྟ་སྟངས་གཅིག་མཚུངས་བཟུང་ན་མི་འོས་པའི་སྐོར་ནན་བརྗོད་གནང་བཞག ཡང་བོད་ཀྱི་གནད་དོན་ཐད་ནས་ གོང་ས་མཆོག་གིས་ བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་གནད་དོན་དེ་ད་ཆ་རྒྱ་རིགས་མི་སེར་ཁྲོད་གོ་རྟོགས་ཆེ་རུ་འཕེལ་བཞིན་ཡོད་པ་དང་ ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་ཚོད་ནང་ བོད་རྒྱ་གཉིས་དབར་ཞི་མཐུན་གྱི་གནས་སྟངས་ཆགས་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསལ་འདོན་གནང་བཞག་ ད་རེས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གོང་ས་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཕུལ་བའི་མཛད་སྒོའི་སྐབས་གཙུག་ལག་སློབ་གྲའི་ཚོགས་ཁང་ཆེན་མོའི་ནང་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་སྟོང་ཚོ་བརྒལ་བ་ཆེད་བཅུར་ཞུས་ཡོད་པ་རེད་༎