༸གོང་ས་མཆོག་ནས་ཀ་ལོན་སྦུག་ཏུ་གསུང་ཆོས་བསྩལ་བ།
2010.12.14
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༣ནས་༡༤ཉིན་གཉིས་རིང་རྒྱ་གར་བྱང་ཤར་ཀ་ལོན་སྦུག་ཏུ་ཆིབས་བསྒྱུར་གྱིས་གསུང་ཆོས་བཀྲིན་སྩལ་གནང་གི་ཡོད་པ་རེད།
ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་སྔ་དྲོ་ཐར་པ་ཆོས་གླིང་དགོན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་བཀའ་དྲིན་སྩལ་གནང་བ་དང་ཕྱི་དྲོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞལ་པད་སྐལ་རྒྱབ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་པ་དང༌། ཕྱི་ཚེས་༡༤ཉིན་གྱི་མཛད་འཆར་ནི། སྔ་དྲོ་ཀ་ལོན་སྦུག་བོད་སློབ་ཀྱི་རྩེད་ཐང་ཆེན་མོར་ས་གནས་བོད་མི་ཡོངས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་གནང་བ་དང༌། དེ་རྗེས་ཚེ་དབང་གནང་ཡོད་པ་རེད། ཕྱི་ཚེས་༡༣ཉིན་གསུང་ཆོས་སྐབས་༧གོང་ས་མཆོག་གིས་དེ་སྔ་བོད་རང་བཙན་སྐབས་རྒྱ་གར་གྱི་བྱང་ཤར་ས་ཁུལ་རྡོ་རྗེ་གླིང་དང་ཀ་ལོན་སྦུག་ནི་བོད་དང་ཧ་ཅང་གི་ཐག་ཉེའི་འབྲེལ་ལམ་ཡོད་པའི་ལོ་རྒྱུས་སྐོར་དྲན་གསོ་གནང་བ་དང་ཆབས་ཅིག དེ་སྔ་༧གོང་ས་མཆོག་སྐུ་ན་གཞོན་པའི་སྐབས་ལ་བོད་གཞུང་གི་དཔོན་རིགས་དང་བོད་པའི་ཚོང་པ་ཀ་ལོན་སྦུག་དང༌། རྡོ་རྗེ་གླིང༌། འབྲས་ལྗོངས་ ཀེལ་ཀ་ཊ་ཁུལ་དུ་འགྲིམས་འགྲུལ་བྱས་པའི་གནས་ཚུལ་གསན་དུས་སྤྲོ་བ་ཆེན་པོ་ཡོང་གི་ཡོད་པ་མ་ཟད། སྐབས་དེ་དུས་༧གོང་ས་མཆོག་ཀྱང་དེའི་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་ཆེན་པོ་གནང་མྱོང་བ་ཡིན། དེ་ནས་ཕྱི་ལོ་༡༩༥༦ལོར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ཏེ་མི་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་ཆེན་མཛད་སྒོར་བཅར་བའི་སྐབས་ཕེབས་ལམ་དུ་ཀ་ལོན་སྦུག་དང་སྒང་ཏོག་ཏུ་ཆིབས་བསྒྱུར་གནང་ཐུབ་པ་བྱུང་བ་དང༌། དེ་རྗེས་༡༩༥༩ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་རྗེས་རྒྱ་གར་ནི་༧གོང་ས་མཆོག་གི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་པ་རེད། ཀ་ལོན་སྦུག་ཏུ་ཡོད་པའི་ཐར་པ་ཆོས་གླིང་དགོན་པ་དེ་ནི་རྒྱ་གར་ནང་དུ་ཆགས་པའི་ལོ་རྒྱུས་ལྡན་པའི་ནང་པའི་དགོན་པ་རྙིང་པའི་གྲས་ཤིག་ཡིན་པ་དང༌། ཡིན་ནའང་དེ་སྔ་དགོན་པ་དེའི་ནང་ཤུགས་ལྡན་བསྟན་སྲོལ་བྱས་པར་བརྟེན་ནས་དགོན་པ་དེར་ཆིབས་བསྒྱུར་གནང་མི་བདེ་བ་བྱུང་ཡང་དེ་རྗེས་གནས་ཚུལ་ཁ་གསལ་དུ་ཕྱིན་པར་བརྟེན་ནས་ཆིབས་བསྒྱུར་གནང་བདེ་བའི་གནས་ཚུལ་བྱུང་རིམ་བཀའ་གནང་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐར་པ་ཆོས་གླིང་དུ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་བའི་སྐབས་ལ། འཛམ་གླིང་དེའི་ནང་དུ་ཡོད་པའི་ནང་པའི་དད་ལྡན་པ་བོད་པ་དང་ཀོ་རི་ཡ། རྒྱ་མི། ཉི་ཧོང་ ལྦིཏ་ནམ་སོགས་སུ་ཡིན་ཕྱིན་ཚང་མར་དུས་རབས་༢༡པའི་ནང་པ་ཞིག་བྱེད་དགོས་པའི་འབོད་སྐུལ་གནང་གི་ཡོད་ཅེས་བཀའ་གནང་བ་དང༌། གསུང་ཆོས་སུ་དེའི་ཁུལ་དུ་བཞུགས་པ་སེར་སྨད་མཁར་ཟུར་རིན་པོ་ཆེ་དང༌། འཇམ་དགོན་ཀོང་སྤྲུལ་རིན་པོ་ཆེ། རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ། ས་གནས་མི་དམངས་དང་སློབ་ཕྲུག་སོགས་མི་དམངས་སྟོང་ཕྲག་འགའ་ཤས་བཅར་ཡོད་པ་རེད།