༸གོང་ས་མཆོག་འབུམ་རྡི་ལའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་བ།

༸གོང་ས་མཆོག་རེས་གཟའ་ཕུར་བུའི་ཉིན་རྒྱ་བོད་ས་མཚམས་འབུམ་རྡི་ལའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཡོད་པ་རེད།

2009.11.13

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྟ་དབང་ཁུལ་གྱི་ཉིན་བཞིའི་རིང་གི་མཛད་འཆར་ཁག་གྲུབ་སྟེ་རེས་གཟའ་ཕུར་བུའི་ཉིན་དེ་སྔ་ཕྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཕེབས་པའི་སྐབས་རྒྱ་གར་གཞུང་གི་དཔོན་རིགས་ནས་སྣེ་ལེན་ཞུ་ཡུལ་རྒྱ་བོད་ས་མཚམས་འབུམ་རྡི་ལའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཡོད་པ་རེད།

༸གོང་ས་མཆོག་འབུམ་རྡི་ལའི་ཕེབས་ལམ་དུ་དུས་ཡུན་ཙམ་ཞིག་རྡེ་རང་ཞེས་པའི་ས་གནས་སུ་འབབ་ཚུགས་ཤིག་གནང་སྟེ་རྡི་རང་གཙང་པོའི་ཉེ་འདབས་སུ་དད་ལྡན་པ་ཚོར་གསུང་ཆོས་གནང་བ་དང་དེ་རྗེས་མུ་མཐུད་འབུམ་རྡི་ལ་ཕྱོགས་སུ་མཁའ་ལམ་བརྒྱུད་ཆིབས་བསྒྱུར་གནང་ཡོད་པ་རེད། འབུམ་རྡི་ལ་ས་གནས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༡༩༥༩ལོར་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཐོག་མར་འབུམ་རྡི་ལ་ས་གནས་སུ་ཕེབས་འབྱོར་སྐབས་ཕྱི་ལོ་༡༩༥༩ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་རྒྱ་གར་གྱི་དཔོན་རིགས་ནས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ཇེ་ལྦ་ཧ་ལཱལ་ནེ་རུའུ་མཆོག་གིས་༸གོང་ས་མཆོག་ལ་བཏང་གནང་བའི་ཕྱག་བྲིས་བསྣམས་ཏེ་ཕེབས་བསུ་ཞུ་ཡུལ་དེ་ཡིན་པ་རེད། དེ་རྗེས་འབུམ་རྡི་ལ་བརྒྱུད་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པར་བརྟེན་དེ་སྔ་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་གནང་བའི་སྐབས་ཕེབས་ལམ་འཁེལ་ཡུལ་ས་གནས་དེ་དག་ད་རེས་བསྐྱར་དུ་ཕྱིར་ལོག་གནང་བ་ཞིག་ཡིན་ཞིང་འབུམ་རྡི་ལ་ས་གནས་དེ་ནི་རྟ་དབང་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་༡༨༥ཙམ་གྱི་མཚམས་སུ་ཡོད་པ་རེད། དེ་རིང་འབུམ་རྡི་ལ་ཡི་ནུབ་ཕྱོགས་ཀ་མེང་རྫོང་གི་དཔོན་རིགས་ནས་གསུང་ན་ས་གནས་དེའི་ནང་དུ་ཡོད་པའི་ཐུབ་མཆོག་དགའ་ཚལ་གླིང་དགོན་དུ་༸གོང་ས་མཆགོ་དགུང་ཞག་གཅིག་བཞུགས་བཞག་གནང་སྟེ་རེས་གཟའ་པ་སངས་ཉིན་དད་ལྡན་མི་དམངས་ཚོར་བཀའ་ཆོས་གནང་རྒྱུའི་མཛད་འཆར་ཡོད་པའི་སྐོར་དང་སྐབས་དེར་གསུང་ཆོས་ཞུ་མི་ཁྲི་གཅིག་ལྷག་ཡོང་རྒྱུའི་སྔོན་དཔག་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་འབུམ་རྡི་ལ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་པའི་རྗེས་ཐེར་འཕུར་གནམ་གྲུ་ཐོག་འབུམ་རྡི་ལ་ཡི་རྒྱལ་ས་ཨི་ཊ་ན་གར་དུ་ཞབས་སོར་འཁོད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎