༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག
2010.11.25
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༡པ་འདིའི་ནང་ཉི་ཧོང་གྱི་གྲོང་ཁྱེར་ཆེ་ཁག་དང༌། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཁ་ས་སྔ་དྲོ་ཕྱག་ཚོད་༡༠།༣༠ཐོག་་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༦ནས་༡༦བར་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་དང་སྣ་ར། ཉི་ཧ་མ། ཧི་རོ་ཤི་མ་བཅས་ཀྱི་ནང་ཆོས་འབྲེལ་མཛད་འཆར་དང༌། མང་ཚོགས་ལ་བཀའ་སློབ། དེ་བཞིན་འཛམ་གླིང་གི་ནོ་བེལ་ཞི་བདེའི་དེད་དཔོན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༡པའི་ཐོག་ཕེབས་ཞུགས་གནང་བ་དང་སྦྲགས་། ཉི་ཧོང་གི་གསར་འགོད་པ་དང༌། སློབ་ཕྲུག་།
གཞོན་སྐྱེས་བཅས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་སྩལ་གནང་མཛད་སྟེ་ཕྱི་ཚེས་༡༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
དེ་རྗེས་ཕྱི་ཚེས་༡༨ཉིན་ རྒྱ་ས་ལྡི་ལིར་ རྒྱ་གར་མཛའ་མཐུན་ཚོགས་པས་ བྱམས་བརྩེའི་བདག་ཉིད་མ་ ཊེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་བཞིན་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་དང༌། ཕྱི་ཚེས་༡༩འི་སྔ་དྲོ་རྒྱ་གར་གྱི་གསར་འགྱུར་བརྙན་འཕྲིན་སི་ཨེན་ཨེན་ཨའེ་སྦི་ཨེན་CNN/IBNགྱི་གསར་འགོད་པ་སྐུ་ཞབས་ཀན་ཐ་པར་གྱིས་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་སྩལ་གནང་མཛད་རྗེས། རྒྱ་གར་གྱི་གསར་ཤོག་ཧིན་རྡུ་སི་ཏན་དུས་བབ་ཀྱི་འགོ་ཁྲིད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། དཀའ་རྙོག་གི་དུས་སྐབས་ནང་ཞི་བདེ་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང༌། ཉིན་དེར་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་༢༥འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་འགྲོ་བ་མིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། དེ་རྗེས་ཕྱི་ཚེས་༢༠ནས་༢༣བར་ཉིན་གྲངས་བཞིའི་རིང་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་གནང་ཡོད་པ་མ་ཟད། ཕྱི་ཚེས་༢༣རེས་གཟའ་མིག་དམར་ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་གནང་བའི་ཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོ་ཇ་མི་ཡ་མི་ལི་ཡ་ཨི་སི་ལ་མི་ཡས་༧གོང་ས་མཆོག་ལ་མཁས་དབང་གྱི་ཆེས་བསྟོད་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་པ་རེད།
ཕྱི་ཚེས་༢༣ཉིན་༧གོང་ས་མཆོག་ལྡི་ལི་ནས་གྲོང་ཁྱེར་ཅན་ཌི་གར་དུ་ཆིབས་བསྒྱུར་བསྐྱངས་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་༧གོང་ས་མཆོག་གི་ཕེབས་བསུར་སྐུ་བཅར་ཞུས་ཡོད་ཅིང༌། ཅན་ཌི་གར་དུ་ཚན་ཅིག་བཞུགས་ཞག་མཛད་སྟེ། ཁ་ས་ཕྱི་ཚེས་༢༤འི་སྔ་དྲོ་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་ བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་དད་གུས་ཆེན་པོའི་སྒོ་ནས་མགོན་པོ་གང་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག།