༸གོང་ས་མཆོག་ནས་ཨ་རིའི་སྲིད་འཛིན་སྦུཤི་སྐོར་དགོངས་ཚུལ།
2009.01.17
༄༅༎རྒྱ་གར་གྱི་གསར་སྤེལ་ཚན་པ་པེརེསི་ཀྲ་ར་སེ་ཨོཕ་ཨིན་ཌི་ཡ་ཞེས་པས་ཁ་ས་སྤེལ་བའི་གནས་ཚུལ་ལྟར་ན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་སའི་ནང་མ་རྡལྦ་རའོ་སིན་རྡི་ཡའི་དྲན་རྟེན་གསུང་བཤད་བསྩལ་གནང་མཛད་སྐབས་ཨ་མི་རི་ཀའི་སྲིད་འཛིན་ཇོཇེ་ལྦོ་ཀར་སྦུཤི་མཆོག་དང་མཇལ་འཕྲད་ཐོག་མར་གནང་སྐབས་ཁོང་སྐུ་སྒེར་ལ་༸གོང་ས་མཆོག་གི་ངོས་ནས་ཐུགས་མཉེས་པོ་ཡོད་རུང་ཁོང་གིས་ཕྱག་ལེན་བསྟར་བའི་སྲིད་བྱུས་འགའ་ཞིག་ཐད་ལ་༸གོང་ས་མཆོག་གི་ངོས་ནས་ཐུགས་མོས་གནང་གི་མེད་ཅེས་བཀའ་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་སའི་ནང་མ་རྡལྦ་རའོ་སིན་ཌི་ཡ་དམ་པ་དེ་ཉིད་ཀྱི་དྲན་རྟེན་ཐོག་གསུང་བཤད་བསྩལ་གནང་མཛད་སྐབས་གསུང་བཤད་གསན་བཞེས་གནང་མཁན་ཁོངས་སུ་རྒྱ་གར་གྱི་སྲིད་བློན་དམ་པ་རཱ་ཇིལྦ་རྒན་རྡི་དང་ལྕམ་སོ་ནི་རྒན་རྡིའི་སྲས་ར་ཧུལ་རྒན་རྡི་དང་སྲས་མོ་པིརི་ཡང་ཀ་དང་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་ན་ལྦིན་ཆའོ་ལ་སོགས་ཀྱི་གཙོས་པས་རྒྱ་གར་གྱི་བློན་ཆེན་ཁག་དང་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མང་པོས་མཉམ་ཞུགས་གནང་ཡོད་པ་རེད། ཨ་མི་རི་ཀའི་ཐོག་ལ་དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་རྗེས་༸གོང་ས་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་མཆོག་ལ་ཤེས་ཡོན་འཕེལ་རྒྱས་ཀྱི་ཆེད་དུ་ཌོ་ལར་ཐེར་འབུམ་མང་པོ་འགྲོ་གྲོན་གཏོང་གནང་དགོས་པ་དང་དམག་འཐབ་ཀྱི་ཚབ་ཏུ་རྒྱ་གར་གྱི་མེད་པོ་དམ་པ་རྒན་རྡིའི་བཞེད་སྲོལ་འཚེ་མེད་ཞི་བའི་ཐབས་ལམ་ཕྱག་ལེན་བསྟར་དགོས་པའི་སློབ་སྟོན་ཕུལ་བ་ཡིན་ཞེས་ཀྱང་༸གོང་ས་མཆོག་གིས་ཁ་ས་གསུང་གནང་ཡོད་པ་རེད། སྐབས་དེར་མེས་པོ་དམ་པ་རྒན་རྡིའི་སྐུ་དུས་སུ་རྒྱ་གར་གྱིས་འཚེ་མེད་ཞི་བའི་ཐབས་ལམ་ལག་ལེན་བསྟར་བ་ནང་བཞིན་དེང་སྐབས་ཀྱི་རྒྱ་གར་གྱིས་ཀྱང་འཚེ་བ་མེད་པའི་ཞི་བའི་ལྟ་གྲུབ་ཀྱི་ཐབས་ལམ་དང་ཐབས་ལམ་དེའི་རིན་ཐང་འཛམ་གླིང་ནང་དར་སྤེལ་གཏང་དགོས་ཀྱི་རེད་ཅེས་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་ཚོར་བཀའ་སློབ་སྩལ་ཡོད་པ་རེད༎