ཧི་མ་ལ་ཡའི་མི་མང་ལ་ནང་ཆོས་རྒྱུན་འཛིན་གྱི་ལས་འགན་ཡོད་པ།
2009.05.16
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་འཇམ་དབྱངས་ཆོས་གླིང་བཙུན་དགོན་རིག་ལམ་སློབ་གཉེར་ཁང་གི་གཙུག་ལག་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས་གནང་མཛད་པ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་རྣམས་ཀྱིས་ནང་ཆོས་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་ཡོད་སྐོར་བཀའ་སློབ་ཀྱང་བསྩལ་གནང་མཛད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་རེས་གཟའ་སྤེན་པའི་ཉིན་ཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ས་གནས་ག་རོར་ཡོད་པའི་འཇམ་དབྱངས་ཆོས་གླིང་བཙུན་དགོན་རིག་ལམ་སློབ་གཉེར་ཁང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་སྟབས་གཙུག་ལག་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་དེང་སྐབས་སྤྱིར་འཛམ་གླིང་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་དང་ནང་ཆོས་ངོ་མཚར་སྐྱེས་གཞི་ཞིག་ཆགས་ཡོད་ནའང་སངས་རྒྱས་ཀྱི་ཆོས་དངོས་སུ་ཉམས་ལེན་བྱེད་མཁན་རྒྱ་ནག་དང་སོག་ཡུལ་བོད་བཅས་ཀྱི་ནང་ཉམས་ཆགས་ཆེན་པོ་ཕྱིན་པ་མ་ཟད་བྱུང་འགྱུར་ཡང་ངེས་པ་མེད་པ་ཞིག་ཆགས་ཡོད་དུས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་ཚོས་གཞུང་ཆེན་ལ་སློབ་གཉེར་ཡག་པོ་གནང་སྟེ་ལུང་རྟོགས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པའི་ལས་འགན་ཡོད་སྐོར་སོགས་བཀའ་སློབ་བསྩལ་གནང་འདུག
ཁ་ས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙུན་དགོན་འཇམ་དབྱངས་ཆོས་གླིང་ལ་ཆིབས་བསྒྱུར་མ་གནང་གོང་སིརྡ་པུར་ས་གནས་ལ་ཡོད་པའི་ཐོས་བསམ་གླིང་བཙུན་དགོན་དང་སྙིང་སྟོབས་གླིང་ཞེས་དབང་པོ་སྐྱོན་ཅན་གསོ་སྐྱོང་ཁང་གཉིས་ལ་ཡང་ཆིབས་བསྒྱུར་གནང་ཡོད་པ་མ་ཟད་བཀའ་སློབ་ཟབ་མོ་ཡང་བསྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག།