༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།

༸གོང་ས་མཆོག་གིས་གཟེངས་རྟགས་དེས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྐུལ་སློང་འཕར་མ་ཞིག་སྐྱེས་གནང་སོང་ཞེས་བཀའ་གནང་བ།

2009.09.10

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོ་ལོ་ལྦ་ཀི་ཡའི་གཟེངས་རྟགས་འབུལ་བཞེས་གནང་བ་དེས་བོད་ཀྱི་བདེན་དོན་སེལ་རྒྱུར་སེམས་འགུལ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་ལུགས་བཀའ་གནང་ཡོད་འདུག

བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་མཛད་འཆར་གཞིར་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་མིག་དམར་ཉིན་སོ་ལོ་ལྦ་ཀི་ཡའི་ནང་ཞབས་སོར་འཁོད་པའི་སྐབས་སྦ་ར་ཏིས་ལ་ལྦའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་མ་ཟད་ཁུལ་དེར་བཞུགས་རྒྱུན་རིང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་རེད།

ཁ་ས་རེས་གཟའ་ལྷག་པའི་ཉིན་ཧན་ལན་གོ་སོ་ཨ་ལྦདྲ་ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་བཞིན་འབུལ་བཞེས་གནང་ཡོད་པ་དང་གཟེངས་རྟགས་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་བོད་མི་ཚོར་དོན་དམ་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་སུ་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་བ་དང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གོང་མཐོར་བཏང་གནང་བ་བཅས་ལ་བརྟེན་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་འདུག་ལ་༸གོང་ས་མཆོག་གིས་ཀྱང་ད་རེས་གཟེངས་རྟགས་དེས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྐུལ་སློང་འཕར་མ་ཞིག་སྐྱེས་གནང་སོང་ཞེས་བཀའ་གནང་ཡོད་འདུག

གོང་ཞུས་གཟེངས་རྟགས་དེ་བཞིན་ད་བར་བཞེས་མཁན་ཁོངས་སུ་ཧང་ག་རིའི་སྲིད་འཛིན་ཟུར་པ་ཨར་པདྲ་གོནཛ་མཆོག་ཡོད་པ་རེད། ཁོང་ནས་གུང་བྲན་རིང་ལུགས་ལ་ཁ་གཏད་བཅག་གནང་ནས་མང་གཙོའི་ལམ་ལུགས་སུ་འགྱུར་ཐབས་གནང་བའི་མཛད་རྗེས་ལ་ཕུལ་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཞབས་སོར་འཁོད་གནང་ཡོད་པ་ནས་ཁུལ་དེར་རྒྱལ་སྤྱིའི་ཞི་བདེ་དང་མང་གཙོ་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་ཏུ་ཚོགས་ཞུགས་གནང་རྒྱུ་དང་ཚེས་བཅུ་གཅིག་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་ཁག་ཅིག་དང་མཁས་དབང་ གྲོས་ཚོགས་འཐུས་མི་ རྩོམ་པ་པོ་སོགས་གནད་ཡོད་མི་སྣ་ལས་འདུས་པའི་ཚོགས་འདུ་ཞིག་ཆེད་ཕེབས་གནང་རྒྱུ་ཡིན་པ་རེད།

ཚེས་བཅུ་གཉིས་ཉིན་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎