༸གོང་ས་མཆོག་ནས་ཀོ་རི་ཡའི་ཆོས་ཞུ་བར་བཀའ་སློབ།

༸གོང་ས་མཆོག་གིས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ཤོད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པའི་བཀའ།

2009.09.18

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ཤོད་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པའི་བཀའ་གནང་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་སོ་ལོ་ལྦ་ཀི་ཡ་རྒྱལ་ཁབ་གཉིས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་ཉེ་ཆར་ཕྱི་ཚེས་བཅུ་གསུམ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་པའི་རྗེས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་སྩལ་གནང་ཡོད་ཅིང་རེས་གཟའ་ཕུར་བུའི་ཉིན་གསུང་ཆོས་ཉིན་མཐའ་མ་མཇུག་སྒྲིལ་བ་དང་དེ་རིང་རེས་གཟའ་པ་སངས་ཉིན་ཀོ་རི་ཡའི་དད་ལྡན་མི་དམངས་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་སྐོར་ལ་བཀའ་མོལ་གནང་སྐྱོང་ཡོང་བའི་རེ་འདུན་ཞུས་པའི་སྐབས་༸གོང་ས་མཆོག་གིས་ཀོ་རི་ཡ་དད་ལྡན་མི་དམངས་རྣམས་ནི་དམངས་གཙོའི་རྒྱལ་ཁབ་ནང་གནས་སྡོད་བྱེད་ཀྱི་ཡོད་པར་བརྟེན་ནས་བོད་ཀྱི་གནད་དོན་ཐོག་ལ་སྐད་ཆ་ཤོད་ཆོག་པའི་ཐོབ་ཐང་དང་རང་དབང་ཡོད་པ་རེད་ཅེས་དང་ལྷག་པར་དུ་ཀོ་རི་ཡ་མི་དམངས་ཚོས་གསར་ཤོག་གི་ཐོག་ལ་བོད་ཀྱི་གནད་དོན་སྐོར་རྩོམ་བྲིས་སྤེལ་རྒྱུ་དང་དེ་བཞིན་བོད་ཀྱི་གནད་དོན་བརྗོད་གཞི་བྱས་པའི་བརྙན་འཕྲིན་གྱི་ལས་རིམ་ཐོག་ལ་རྒྱ་མི་རིགས་ཀྱི་ལྷན་དུ་མཉམ་ཞུགས་བྱས་ཏེ་བོད་ཀྱི་གནད་དོན་ཐོག་ལ་བགྲོ་གླེང་བྱས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་གསལ་བཤད་བྱེད་ཐུབ་པ་བྱུང་ཚེ་དེ་ཡིས་བོད་ཀྱི་གནདདོན་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་སྐྲུན་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎