༸གོང་ས་མཆོག་ནས་ཨ་རིའི་ཉམ་ཐག་སྡོད་ཡུལ་དུ་ཆིབས་བསྒྱུར།
2009.04.27
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེན་ཕེ་རན་སིསི་ཀོ་ཁུལ་གྱི་སྡོད་ཁང་མེད་པའི་ཉམ་ཐག་མི་མང་ཁག་ཅིག་ལ་བཟའ་བཏུང་གི་སྦྱིན་པ་གཏོང་ཡུལ་མའར་ཊིན་ཞེས་པར་ཆིབས་བསྒྱུར་གནང་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེན་ཕེ་རེན་སིསི་ཀོ་ཁུལ་དུ་རྡ་ཕོར་གོ་ཀྲེན་ཨིན་ཊར་ནེ་ཤི་ནེལ་ཞེས་པའི་རོགས་རམ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཡེ་ཤུའི་ཆོས་ཚོགས་ཀྱི་ཚོགས་ཁང་དུ་དབུལ་ཕོངས་ཉམ་ཐག་ཚོར་བཟའ་བཏུང་སྦྱིན་པ་གཏོང་བའི་ཚོགས་མགོན་དུ་ཕེབས་ཏེ་དབུལ་ཕོངས་ཉམ་ཐག་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་དགོས་པའི་སྐོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་འདུག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མའར་ཊིན་ཟེར་བའི་དབུལ་ཕོངས་ཚོར་ལྟ་རྟོགས་བྱེད་མཁན་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་ནས་དེའི་ནང་གི་དང་བླངས་ཞབས་ཞུ་ལས་བྱེད་དང་མགྲོན་པོ་མི་བརྒྱ་ལྷག་ཙམ་དང་མཉམ་བཞུགས་ཀྱིས་གཟའ་ཉི་མའི་ཉིན་དགུང་གསོལ་སྟོན་ཐོག་༸གོང་ས་མཆོག་ནས་ད་རེས་སྐུ་ཉིད་འདིར་ཆིབས་བསྒྱུར་གནང་རྒྱུའི་གོ་སྐབས་བྱུང་གནང་བ་དེར་ཧ་ཅང་གི་ཐུགས་མཉེས་པོ་བྱུང་བ་དང་ང་ཚོའི་མི་ཚེ་དེ་ནི་གཞན་ལ་བརྟེན་དགོས་ཀྱི་ཡོད་པ་དང་༸གོང་ས་མཆོག་སྐུ་ཉིད་ཀྱང་དེ་ལྟར་གཅིག་མཚུངས་ཡིན་པས་ཁྱེད་ཚོ་ད་དུང་ཡང་མིའི་རིགས་ཀྱི་སྤྱི་ཚོགས་ནང་གནས་ཡོད་པས་སེམས་བག་ཕེབས་པོར་གནས་དགོས་པ་བཀའ་བསྩལ་གནང་མཛད་འདུག་ལ་གསོལ་སྟོན་དུ་བཞུགས་མཁན་ཞིག་ནས་༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་མིན་བཀའ་འདྲི་ཞུ་དུས་༸གོང་ས་མཆོག་ནས་ད་ལོ་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་པའི་སྐོར་བཀའ་གནང་བ་དང་འབྲེལ་ཨ་རིའི་སྲིད་འཛིན་ཟུར་པ་ཇོརཇེ་སྦུཤི་མཆོག་ལ་ཡང་༸གོང་ས་མཆོག་ཐུགས་ཧ་ཅང་མཉེས་པོ་ཡོད་པ་བཀའ་བསྩལ་གནང་མཛད་འདུག