༸གོང་ས་མཆོག་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་དགག་ལན་གནང་།
2009.11.08
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་ནང་ཞབས་སོར་འཁོད་སྐབས་རྒྱ་ནག་གཞུང་གིས་གཞི་རྩ་མེད་པའི་སྐྱོན་བརྗོད་བྱེད་བཞིན་པ་དེར་དགག་ལན་སྐྱོན་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་དགོན་པར་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་བའི་རྗེས་སུ་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་ང་གར་ཕྱིན་ཀྱང་འཆར་ཅན་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད་ངས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་པ་དེ་ལ་གཞི་རྩ་མེད་པ་རེད་ཅེས་གསུངས་པ་སྦྲགས་༸གོང་ས་མཆོག་རྟ་དབང་ལ་ཕེབས་དགོས་དོན་ཡང་མིའི་སྤྱི་ཚོགས་ནང་མཛའ་གྲོགས་ཀྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུ་ཙམ་མ་གཏོགས་སྲིད་དོན་གྱི་ལྷད་མེད་ལུགས་གསལ་བཤད་གནང་འདུག ཡང་༸གོང་ས་མཆོག་གིས་ལོ་ལྔ་བཅུའི་གོང་རྒྱ་ནག་གིས་བོད་མིའི་སྒེར་ལངས་མཚར་གཅོད་བྱས་པའི་རྗེས་སུ་རྟ་དབང་བརྒྱུད་སྐྱབས་བཅོལ་ཕེབས་ཡོད་པར་བརྟེན་ས་ཁུལ་དེ་དང་དམིགས་བསལ་འབྲེལ་བ་ཡོད་པས་ད་ཆ་བསྐྱར་རུ་ཕེབས་ཐུབ་པ་དེར་ཐུགས་སྤྲོ་པོ་བྱུང་ཡོད་ལུགས་གསུངས་གནང་འདུག ཕྱི་ལོ་༡༩༥༩འི་ལོ་སྐྱབས་བཅོལ་ཕེབས་སྐབས་བསྙུན་གཞི་ཡང་བཞེས་པ་རེད། ༸གོང་ས་མཆོག་གིས་དེར་འཛོམས་མི་མང་ཚོར་བོད་ཀྱི་ནང་ཆོས་དང་རིག་གཞུང་བར་ལམ་ནས་ཉམས་རྒུད་ཆེན་པོ་ཡིན་ཡོད་ཀྱང་ད་ཆ་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ནང་ཆོས་དང་རིག་གཞུང་སླར་གསོའི་རེ་བའི་རྣམ་པ་གཟིགས་ཡོད་ལུགས་བཀའ་བསྩལ་གནང་འདུག རེས་གཟའ་པསངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་མཱ་རི་ཡ་ཨོ་ཊེ་རོ་ཡིས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་པའི་ཆ་ནས་ཐུགས་འགན་དེ་འགྲུབ་པའི་ཆེད་ངེས་པར་དུ་ཕེབས་ཆོག་གི་རེད་ཅེས་གསུངས་ཡོད་པ་རྒྱ་གར་གྱི་དུས་བབས་སམ་ཀྲའེམ་སི་ཨོཕ་ཨིན་ཌི་ཡ་ཞེས་པས་ལུང་འདྲེན་བྱས་འདུག།