ཐའེ་ལྦན་གྱི་དམངས་གཙོའི་ལམ་ལུགས་ལ་བསྔགས་བརྗོད།

༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར་དེ་རིང་ཡུལ་དེའི་དམངས་གཙོའི་ལམ་ལུགས་དེར་བསྟོད་བསྔག་གནང་ཡོད་པ།

2009.08.31

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐས་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར་དེ་རིང་ཡུལ་དེའི་དམངས་གཙོའི་ལམ་ལུགས་དེར་བསྟོད་བསྔག་གནང་ཡོད་པ་རེད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་རང་ཚོས་དམངས་གཙོའི་ལམ་ལུགས་ལོངས་སུ་སྤྱོད་བཞིན་ཡོད་པ་རེད། དེ་སྲུང་སྐྱོབ་བྱེད་དགོས། ངོས་རང་གི་གྲོགས་པོ་ཚོར་སྲིད་དོན་ཚོགས་པ་གང་ཡིན་རུང་དམངས་གཙོའི་ལམ་ལུགས་དེ་སྲུང་སྐྱོབ་བྱེད་དགོས་བརྗོད་ཀྱི་ཡོད། ངོས་རང་དམངས་གཙོའི་ལམ་ལུགས་དར་སྤེལ་བྱེད་རྒྱུའི་ཆོད་སེམས་དེར་འགྱུར་བ་རྩ་བ་ནས་མེད་ཅེས་བཀའ་གནང་འདུག རེས་གཟའ་ཟླ་བ་ཉིན་༸གོང་ས་མཆོག་ཐའེ་ལྦན་གྱི་འཆར་རླུང་དྲག་པོའི་གོད་ཆགས་ཕོག་པའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིའོ་ལིན་ཞེས་པ་དེར་ཕེབས་སྐབས་གང་ཉིད་ཀྱི་ད་ཐེངས་ཀྱི་ཉིན་ལྔའི་རིང་གི་ཆིབས་བསྒྱུར་འདི་མི་ཆོས་རིང་ལུགས་དང་འབྲེལ་བའི་ཆིབས་བསྒྱུར་ཞིག་ཡིན་སྐོར་ལན་མང་བཀའ་གནང་ཡོད་པ་རེད། དེ་ཡང་གསར་འགོད་པར་༸གོང་ས་མཆོག་གིས་ངོས་རང་གི་ད་ཐེངས་ཀྱི་ཐའེ་ལྦན་གྱི་གཟིགས་བསྐོར་འདི་སྲིད་དོན་དང་འབྲེལ་བ་མེད་ཁར་མི་ཆོས་རིང་ལུགས་དང་འབྲེལ་བ་ཡོད་པ་དང་སྲིད་དོན་གྱི་དམིགས་ཡུལ་གང་ཡང་མེད་སྐོར་བཀའ་གནང་འདུག སྔོན་འཆར་ལྟར་ན་རེས་གཟའ་ཟླ་བ་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་རྒྱུའི་མཛད་འཆར་ཡོད་ཀྱང་གཞུང་འཛིན་གོ་མིང་ཏང་ཚོགས་པའི་འགོ་འཁྲིད་རྒན་གྲས་ཤིག་གིས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་གླེང་སློང་ཡོང་བའི་ཉེན་ཁར་འཛེམས་ནས་གསར་འགོད་ལྷན་ཚོགས་ཀྱི་མཛད་འཆར་དེ་ཕྱིར་བསྡུ་གནང་ཡོད་པ་རེད། ཡིན་ནའང་རྒྱ་གཞུང་གིས་༸གོང་ས་མཆོག་གི་ད་ཐེངས་ཀྱི་ཐའེ་ལྦན་གྱི་གཟིགས་བསྐོར་འདིས་མཚོ་ཁ་ཕན་ཚུན་གྱི་འབྲེལ་བར་གནོད་སྐྱོན་ཐེབས་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་ཐེངས་གཉིས་པ་དེ་བཏང་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཇའོ་མཆོག་གི་མགྲིན་ཚབ་པས་མ་དབྱིང་ཇའོ་ཡིས་དེ་སྔོན་གྱི་༸གོང་ས་མཆོག་གི་ཐའེ་ལྦན་གྱི་ཆིབས་བསྒྱུར་ཐེངས་གཉིས་དེར་མཇལ་འཕྲད་གནང་ཡོད་ཀྱང་ད་ཐེངས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པ་མ་ཟད་གཞུང་འཛིན་ཚོགས་པའི་འགོ་འཁྲིད་གཞན་ཁག་དང་མཇལ་འཕྲད་གནང་རྒྱུ་མིན་སྐོར་གསུངས་འདུག ༸གོང་ས་མཆོག་ད་ཐེངས་ཐའེ་ལྦན་ནང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་འཁྲིད་རྣམས་ཀྱིས་ཉེ་ཆར་ཡུལ་ནང་ཆར་རླུང་དྲག་པོའི་གོད་ཆགས་འོག་འདས་གྲོངས་སུ་གྱུར་བའི་མི་མང་རྣམས་ཀྱི་བསྔོ་སྨོན་ཆེད་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎