༸གོང་ས་མཆོག་གིས་ཀེལ་གེརི་སློབ་གྲྭར་བཀའ་སློབ་བསྩལ་རྒྱུ།
2009.04.18
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལོའི་ཕྱི་ཟླ་དགུ་པའི་ནང་ཁེ་ན་ཌའི་ཀེལ་གེརི་གཙུག་ལག་སློབ་གྲྭའི་པཱེན་གོ་རོཐ་སེ་ཌལ་ཌོམ་ཞེས་པའི་ཚོགས་ཁང་ནང་བྱམས་བརྩེ་དང་སྤྱི་ཚོགས་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་ཉི་མ་གཉིས་རིང་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཡ་རབས་བཟང་སྤྱོད་དང་དང་པོ་མིའི་སེམས་རྒྱུད་ལ་ཞི་བདེ་བསྐྲུན་པའི་ལམ་ནས་ཕྱིའི་འཛམ་གླིང་གི་ཁོར་ཡུག་ནང་ཞི་བདེ་བསྐྲུན་ཐབས་གནང་རྒྱུའི་སྐོར་མང་ཚོགས་ལ་བཀའ་སློབ་ཟབ་མོ་བསྩལ་གནང་མཛད་པ་གསན་རྒྱུའི་དོན་དུ་ཁེ་ན་ཌའི་མི་མང་ཚོས་དེ་རིང་ནས་ཀྲི་སི་ཉོ་ཡག་འགོ་བཙུགས་ཡོད་པ་རེད། བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེ་དང་སྤྱི་ཚོགས་ཀྱི་འགན་འཁུར་དང་འབྲེལ་བའི་རིན་ཐང་ཐད་འཛམ་གླིང་ནང་ཡོངས་གྲགས་ངོས་འཛིན་ཞུ་བའི་དབུ་ཁྲིད་ཅིག་རེད་ཅེས་དང་དེ་འདྲ་སོང་ཙམ་མི་མང་སྤྱི་དང་དེ་ལས་གལ་གནད་ཆེ་བར་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོས་བྱམས་བརྩེ་དང་སྤྱི་ཚོགས་ཀྱི་འགན་འཁུར་དང་འབྲེལ་བའི་རིན་ཐང་ཐད་༸གོང་ས་མཆོག་གི་ཞལ་ནས་བཀའ་སློབ་ཉན་ཞིང་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་བྱ་རྒྱུ་ཡོད་པ་ནི་ཧ་ལས་པའི་གོ་སྐབས་བཟང་པོ་ཞིག་རེད་གཙུག་ལག་སློབ་གྲྭའི་མགྲིན་ཚབ་མ་ཁེ་ཐེ་རིན་སྦེག་ནེལ་གྱིས་བརྗོད་ཡོད་པ་རེད། ཀེལ་གེརི་ཧེ་རལ་དྲེ་ཞེས་པའི་གསར་ཤོག་གི་གསར་འགོད་པས་༸གོང་ས་མཆོག་གི་སྐོར་ལ་དགོངས་ཚུལ་ག་རེ་ཡོད་ཅེས་ཕྱི་ལོ་༡༩༨༩ལོར་ཁེ་ན་ཌར་གཞིས་སྤོས་བྱས་པའི་བོད་མིའི་ཁོངས་ནས་བློ་བཟང་རྡོ་རྗེ་ཞུ་བར་འདྲི་བ་ཞུས་པའི་ལན་དུ་༸གོང་ས་མཆོག་གིས་བོད་མིའི་ངོ་བོ་དང་བོད་མིའི་སེམས་ཀྱི་རང་བཞིན།བོད་ཀྱི་ཆབ་སྲིད།བོད་ཀྱི་རྩ་དོན།མདོར་བསྡུས་ན་༸གོང་ས་མཆོག་གིས་བོད་མིའི་ཁྱད་ཆོས་དང་ད་ལྟའི་བོད་ཀྱི་གནས་བབ་ཡོངས་རྫོགས་མཚོན་གྱི་ཡོད་རེད་ཅེས་གསུངས་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་དགུ་པའི་ནང་ཁེ་ན་ཌའི་ཀེལ་གེརི་གཙུག་ལག་སློབ་གྲྭའི་ཚོགས་ཁང་ནང་བྱམས་བརྩེ་དང་སྤྱི་ཚོགས་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་ཉི་མི་གཉིས་རིང་བཀའ་སློབ་བསྩལ་གནང་མཛད་སྐབས་ཚོགས་ཁང་ནང་གི་རྐུབ་བསྟེགས་ཡག་ཤོས་དང་རིན་པ་ཆུང་ཤོས་དེ་དག་ཚང་མ་སློབ་ཕྲུག་གི་ལག་ཁྱེར་ཡོད་མཁན་ཚོར་ཟུར་འཇོག་འཚོང་རྒྱུར་བྱ་རྒྱུ་ཡིན་པ་ཡང་གཙུག་ལག་སློབ་གྲྭའི་མགྲིན་ཚབ་མ་ཁེ་ཐི་རིན་སྦེག་ནེལ་གྱིས་བརྗོད་ཡོད་པ་རེད༎