༧གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་འབུལ་འཆར།
2011.05.03
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་དམིགས་བསལ་ཆེ་བསྟོད་གཟེངས་རྟགས་གལ་ཆེ་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་འདུག།
དེ་ཡང་ཕྱི་ཟླ་ ༥ ཚེས་ ༤ སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་འདི་བཙུགས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བ་དང་བསྟུན་ འགྲོ་བ་མིའི་ཐོབ་ཐང་གི་འོད་སྣང་ཞེས་པའི་དམིགས་བསལ་གྱི་གཟེངས་རྟགས་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་དེའི་སྤྱི་ཁྱབ་འགནའཛིན་ལེ་རི་ཀོཀ་སི་གྱིས་ ང་ཚོས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་འདིའི་སྐབས་ དམིགས་བསལ་གྱི་བྱ་དགའ་འདི་འཛམ་གླིང་ནང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཞིག་ལ་འབུལ་ལམ་ཞུ་གི་ཡོད་པར་ང་ཚོས་གཟི་བརྗིད་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་དང་ ད་དུང་ཁོང་གིས་མུ་འཐུད་ ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་གི་མཚོན་དོན་སྙིང་པོ་ཞིག་ཡིན་པར་མ་ཟད་ མི་སྒེར་ཞིག་གི་སྙིང་སྟོབས་ཀྱི་ནུས་པའི་བདེན་དཔང་ཞིག་ཀྱང་རེད་ཅེས་གསུངས་འདུག།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཟིན་པའི་རྗེས་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེར་འདུས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང་ དེའི་རྗེས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨ་མི་རི་ཀའི་ཡན་ལག་ཚན་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མི་ཚོས་བཅར་འདྲི་དགོངས་བསྐོར་ཁག་ལ་བཀའ་ལན་སྩལ་གནང་མཛད་རྒྱུ་ཡིན་འདུག།
ཡང་ཕྱི་ཟླ་ ༥ ཚེས་ ༤ ཉིན་རྒྱབ་ ཀ་ལི་ཕོར་ནི་ཡའི་ཨར་ལྦིན་སློབ་གྲྭ་ཆེན་མོའི་ནང་ བྱམས་སྙིང་རྗེ་དང་ གོ་ལའི་དབུ་འཁྲིད་ཅེས་པའི་བརྗོད་གཞིའི་ཐོག་ ན་གཞོན་འགོ་འཁྲིད་ཚོའི་བགྲོ་གླེང་གི་ཚོགས་འདུ་དེའི་ཚོགས་མགོན་དུ་ཚོགས་ཞུགས་གནང་རྒྱུ་ཡིན་པ་རེད།