༸གོང་ས་མཆོག་ནས་རྒྱལ་སྤྱིའི་ཚོགས་ཆེན་ཐོག་གསུང་བཤད།
2009.02.01
༄༅༎རིང་མིན་ཕྱི་ཟླ་གསུམ་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་གྱི་གསར་འགྱུར་དུས་དེབ་ཨིན་ཌི་ཡ་ཀྲུ་ཌེས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་ཚོའི་དགོངས་ཚུལ་སྤེལ་རེས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གོ་སྒྲིག་གནང་གི་ཡོད་པ་ལྟར་ལྷན་ཚོགས་དེའི་ཐོག་མའི་དབུ་འབྱེད་གསུང་བཤད་གནང་ཕྱིར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གནང་མཛད་རྒྱུའི་གསོལ་འདེབས་འབོད་སྐུལ་ཞུས་འདུག
མང་ཚོགས་ནང་གྲགས་ཆེ་བའི་རྒྱ་གར་གྱི་བདུན་རེའི་གསར་འགྱུར་དུས་དེབ་ཨིན་ཌི་ཡ་ཀྲུ་ཌེ་ཡིས་གོ་སྒྲིག་ཞུ་རྒྱུའི་༢༠༠༩ལོའི་ཚོགས་ཆེན་དེའི་སར་འཛམ་གླིང་ནང་འགྲོ་བཞིན་པའི་འགྱུར་ལྡོག་ཁག་ལ་གདོང་ལེན་གནང་ཕྱོགས་ཐད་བསྐྱར་དུ་བསམ་ཞིབ་དགོས་རྒྱུའི་སྐུལ་མ་ཞུ་རྒྱུ་ཡིན་པ་རེད། ཉིན་གཉིས་ཀྱི་ཚོགས་ཆེན་དེའི་དབུ་འབྱེད་གསུང་བཤད་གཙོ་བོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་རྒྱུ་ཡིན་པ་ལྟར་༸གོང་ས་མཆོག་གིས་འགྱུར་བགྲོས་དང་བསྟུན་པའི་བཟང་སྤྱོད་ལག་ལེན་བསྟར་ཕྱོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།
ཨིན་ཌི་ཡ་ཀྲུ་ཌེ་གསར་དེབ་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པ་དང་གང་ཉིད་ཀྱིས་འཛམ་གླིང་ནང་ཞི་བདེ་དང་འཚེ་མེད་ཞི་བ།ཆོས་ལུགས་འདྲ་མིན་དབར་ཕན་ཚུན་ཞི་མཐུན་མཉམ་གནས་དང་འཛམ་གླིང་སྤྱི་ཡོངས་ཀྱི་ཀུན་ཁྱབ་འགན་འཁུར་དང་བྱམས་སྙིང་གི་ལྟ་སྤྱོད་བཟང་པོ་སྤེལ་ཐབས་རྒྱ་ཆེ་གནང་བཞིན་ཡོད་པར་ནོ་བེལ་ཞི་བའི་གཟེངས་རྟགས་ལ་སོགས་པའི་འཛམ་གླིང་ནང་ཡོངས་གྲགས་ཆེ་བའི་གཟེངས་རྟགས་དང་གཙུག་ལག་སློབ་གཉེར་ཁང་ཆེ་ཁག་གིས་ཕྱག་འཁྱེར་གྲངས་ལས་འདས་པ་ཕུལ་ཡོད་སྐོར་འགྲེལ་བརྗོད་ཞུས་འདུག གོང་ཞུས་༢༠༠༩ལོའི་གྲགས་ཅན་མི་སྣའི་དགོངས་ཚུལ་སྤེལ་གནང་རྒྱུའི་ཚོགས་ཆེན་དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་དྲུག་དང་བདུན་གཉིས་ལ་རྒྱལ་ས་ལྡི་ལིའི་ནང་གི་ཏའཇེ་མེ་ཧེལ་མགྲོན་ཁང་དུ་གནང་རྒྱུ་ཡིན་པ་དང་ཨིན་ཌི་ཡ་ཀྲུ་ཌེ་གསར་འགྱུར་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་བསྒྲིགས་པ་ཨ་རུན་པུའུ་རིས་ཚོགས་ཆེན་དེ་གཙོ་སྐྱོང་གནང་རྒྱུ་ཡིན་ཞིང་ཚོགས་ཆེན་དེའི་ཐོག་ཕེརན་སི་སྲིད་བློན་ཟུར་པ་ཌོ་མི་ནིཁ་ཌེ་ལྦི་ལེ་པིན་དང་བལ་ཡུལ་གྱི་སྲིད་བློན་པུཤི་པ་ཀུ་མའར་རྡ་ཧལ།པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་པཱར་ལྦེཛ་མུ་ཤ་རཕ་ལ་སོགས་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཤའ་རུཁ་ཁའན་དང་པིརི་ཡང་ཀ་ཆོབ་རཱ་སོགས་མི་སྣ་མང་པོ་ཞིག་གིས་གཏམ་བཤད་གནང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་བཞག