༸གོང་ས་མཆོག་ནས་ཟས་བཅད་སྨྱུང་གནས་སྨོན་ལམ་གནང་རྒྱུ།
2008.08.24
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༨ ཕྱི་ཟླ་༨ པའི་ཚེས་༣༠ བོད་ས་བྱི་ཧོར་ཟླ་༦ པའི་གནམ་གང་ཉིན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ དེ་བཞིན་ཞི་བདེར་དགའ་བའི་མང་ཚོགས་ནས་འཇིག་རྟེན་ཁྱོན་ཡོངས་སུ་ཆུ་ཚོད་༡༢ རིང་ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ་གནང་རྒྱུའི་མཛད་རིམ་ནང་བཞུགས་གཏན་འཁེལ་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་སྤེལ་གནང་འདུག ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ་གནང་རྒྱུའི་དམིགས་ཡུལ་ནི་ བོད་རྒྱ་མི་རིགས་གཉིས་ཀྱི་ཐོག་དྲངས་པའི་མཁའ་ཁྱབ་སེམས་ཅན་ཡོངས་ཀྱི་ལས་ངན་བྱང་ཞིང་ སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བ་དང་ དེ་ལ་བརྟེན་ནས་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་ འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་ འབྱུང་བའི་འཇིགས་པ་སོགས་རྒྱུད་ཚོགས་ཞི་ཞིང་ འགྲོ་རྣམས་བྱམས་བརྩེ་བདེ་དགའི་དཔལ་གྱི་འཚོ་བ་ འདི་ལོ་ཕྱི་ཟླ་༣ པ་ནས་བོད་ནང་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་དོར་བའི་འདས་པོ་རྣམས་ཀྱི་སྡིག་ལྟུང་བྱང་ཞིང་ རྟེན་བཟང་རིམ་བརྒྱུད་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་ ད་ལྟ་བོད་ནང་རྒྱ་དམག་གི་དྲག་གནོན་འོག་མྱང་དང་མྱོང་བཞིན་པ་རྣམས་འཕྲལ་དུ་དཀའ་སྡུག་ལས་གྲོལ་ཏེ་བོད་དོན་བདེན་མཐའ་མྱུང་དུ་གསལ་བ་ སྤྱིར་འཇིག་རྟེན་ཡོངས་དང་ལྷག་པར་དུ་བོད་དང་རྒྱ་ནག་བཅས་སུ་མཉའ་གནོན་དང་དྲག་སྤྱོད་ཀྱི་འོག་ཆོས་དད་དང་གཏམ་བརྗོད་ བསམ་སྤྱོད་ཀྱི་རང་དབང་བྲལ་བའི་སྐྱེ་འགྲོ་རྣམས་གཞན་དབང་ལས་གྲོལ་ནས་རང་དབང་བདེ་དགའི་དཔལ་ལ་སྤྱོད་པ་དང་ དྲག་གནོན་བྱེད་པོ་རྣམས་ཀྱི་སྡང་སེམས་ཞི་ཞིང་བླང་དོར་འབྱེད་པའི་ཤེས་རབ་ཐོབ་པ་ དྲག་གནོན་དང་འཚེ་བ་ དྲང་བདེན་མིན་པའི་བྱ་སྤྱོད་རྣམས་བྱམས་བརྩེས་ཀུན་ནས་བླང་སྟེ་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་གདོང་ལེན་ནུས་ཐོན་བྱེད་དགོས་པའི་དྲན་སྐུལ་སྐྱེ་འགྲོ་ཡོངས་ལ་བྱེད་རྒྱུ་བཅས་ཞེས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་འདུག