༧གོང་ས་མཆོག་གི་ཨེ་སི་ཀྲོ་ནི་ཡའི་མཛད་འཕྲིན།
2011.08.17
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨེ་སི་ཀྲོ་ནི་ཡའི་སྲིད་འཛིན་ཐོ་མ་སེ་ཧེན་ཌི་རིཀ་ལའེལྦ་སེ་མཆོག་རྣམ་གཉིས་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། ༧གོང་ས་མཆོག་གིས་ཕེ་རན་སི་ཡུལ་དུ་མང་ཚོགས་ལ་བཀའ་སློབ་དང་། གྲོས་ཚོགས་འཐུས་མི་དང་གྲོང་སྡེའི་སྤྱི་ཁབ་པ་བཅས་མཇལ་འཕྲད་སོགས་མཇད་འཆར་ཁག་ལེགས་པར་གྲུབ་རྗེས་ཚེས་༡༦ ཉིན་ཨེ་སི་ཀྲོ་ནི་ཡའི་རྒྱལ་ས་ཀྲལ་ལིན་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། དེ་ཡང་༧གོང་ས་མཆོག་ལ་ཨེ་སི་ཀྲོ་ནི་ཡའི་ནང་པའི་ཆོས་ཚོགས་དང་ཨེ་སི་ཀྲོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཁུལ་དེར་ཕྱི་ཚེས་ ༡༨ ཉིན་གུང་བར་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་འདུག ༧གོང་ས་མཆོག་གིས་(Liberty Square)ཞེས་པའི་རང་དབང་ཁྱམས་ར་གྲུ་བཞིའི་ས་གནས་དེར་མང་ཚོགས་རྣམས་ལ་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། དྲི་བར་བཀའ་ལན་སྩལ་གནང་མཛད་རྒྱུ་ཡིན་པ་རེད། ཕྱོགས་མཚུངས་ཐེངས་འདིའི་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་ཀྱིས་ཨེ་སི་ཀྲོ་ནི་ཡའི་སྲིད་འཛིན་ཐོ་མ་སེ་ཧེན་ཌི་རིཀ་ལའེལྦ་སེ་མཆོག་དང་བློན་ཆེན་ཁག་ཅིག་བཅས་མཇལ་འཕྲད་མཛད་རྒྱུ་ཡིན་པ་རེད། ད་ཐེངས་ནི་ཁུལ་དེར་༧གོང་ས་མཆོག་གི་ཆིབས་སྒྱུར་ཐེངས་གསུམ་པ་ཆགས་ཡོད་པ་རེད། ཕྱི་ཚེས་ ༡༨ ཉིན་རྒྱབ་༸གོང་ས་མཆོག་ལ་ཕིན་ལེན་ཌིའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཚོགས་པ་དང། ཕིན་ལེན་ཌི་ནང་རྟེན་གཞི་བྱས་པའི་རྙིང་མའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་གང་ཉིད་ཨེ་སི་ཀྲོ་ནི་ཡའི་རྒྱལ་ས་ཀྲལ་ལིན་ནས་ཕིན་ལེནདྲ་རྒྱལ་ས་ཧེལ་སིན་ཀི་རུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད། ཕིན་ལེནདྲ་དུ་ད་བར་༧གོང་ས་མཆོག་གི་ཆིབས་སྒྱུར་ཐེངས་ལྔ་པ་ཆགས་འདུག ཕྱི་ཚེས་ ༢༠ སྔ་དྲོ་༸གོང་ས་མཆོག་གིས་སྦ་རོ་ན་ཞེས་པའི་ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་སྩལ་རྒྱུ་དང་ཉིན་རྒྱབ་བྱམས་བརྩེའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད། དེ་ནས་འཇར་མ་ནི་རུ་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ཚེས་༢༡་ཉིན་ཧའམ་སྦག་གཙུག་ལག་སློབ་གྲ་ཆེན་མོ་རུ་དྲན་ཤེས་བག་ཡོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་རྗེས་ཕྱི་ཚེས་༢༣་ཉིན་འཇར་མ་ནིའི་མངའ་སྡེ་ཧེ་སེ་ཡི་མངའ་སྡེའི་གྲོས་ཚོགས་སུ་གསུང་བཤད་གནང་གནང་རྒྱུ་བཅས་ཀྱི་མཛད་འཆར་འདུག།