༸གོང་ས་མཆོག་གིས་བོད་མི་ན་གཞོན་ཚོར་ནང་ཆོས་བཀའ་སློབ།
2009.05.08
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་དྲུག་པའི་ནང་བཙན་བྱོལ་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཚོར་ཉིན་གཉིས་རིང་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་བསྩལ་གནང་རྒྱུ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བཞི་དང་ཉི་ཤུ་ལྔ་ཉིན་གཉིས་རིང་བཙན་བྱོལ་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་དང་མཛད་འཆར་དེ་ལྟར་བསྐྱང་གནང་དགོས་པའི་རྒྱུ་མཚན་ནི་བཙན་བྱོལ་ནང་ཡོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་ཆོས་ཕྱོགས་ཀྱི་བསམ་བློའི་རིན་ཐང་སོགས་གོང་འཕེལ་གཏོང་གནང་རྒྱུའི་ཆེད་དུ་ཡིན་པ་རེད་ཅེས་མཛད་རིམ་དེ་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གསལ་སྟོན་གནང་འདུག ཁོང་གིས་མུ་མཐུད་གསུངས་ན་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་རྒྱུའི་ནང་ཞུགས་མཁན་གཞོན་སྐྱེས་ལ་ལོ་ཚད་དབྱེ་བ་མེད་ལ་དེའི་ནང་མཉམ་ཞུགས་གནང་མཁན་ཚོས་ཟླ་བ་འདིའི་ཟླ་མཇུག་མི་འགྱང་བར་མཚན་ཐོ་འབུལ་དགོས་ཀྱི་རེད་ཅེས་གསུངས་འདུག ༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུའི་མཛད་རིམ་དེ་དེ་སྔ་ཕྱི་ལོ་ཉིས་སྟོང་བདུན་ལོའི་ནང་ཐོག་མར་དབུ་བཙུགས་གནང་ནས་ད་རེས་ཀྱིས་ཐེངས་གསུམ་པ་དེ་ཡིན་པ་རེད། དེ་སྔའི་ལས་རིམ་ཁག་སོ་སོའི་ནང་བོད་པའི་གཞོན་སྐྱེས་སུམ་སྟོང་ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་དེའི་ནང་ནས་མང་ཆེ་བ་སློབ་ཕྲུག་ཡིན་ཞིང་དེའི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ནང་ཆོས་ལ་ཐུགས་སྣང་ཆེན་པོ་ཡོད་པ་མཚོན་ཐུབ་པ་བྱུང་ཡོད་པ་རེད་ཅེས་ལས་རིམ་གོ་སྒྲིག་གནང་མཁན་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད༎